ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོའི་མཐོ་རིམ་གྲོས་ཚོགས་ནས་ཧཱ་ཝ་ནཱའི་བསྒྲགས་གཏམ་ལ་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོའི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་ནས་གྲོལ། མཐོ་རིམ་གྲོས་ཚོགས་ནས་ཧཱ་ཝ་ནཱའི་བསྒྲགས་གཏམ་ལ་གྲོས་མཐུན་བཀོད་པ་དང་། ཕྱོགས་ཡོངས་ནས་རྒྱལ་སྤྱིའི་དངུལ་ལོར་གྲུབ་ཚུལ་ལ་བཅོས་བསྒྱུར་བྱས་ཏེ། སྔར་ལས་དཀྱེལ་ཡངས་དང་མཐུན་སྦྱོར་གྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་རྣམ་པ་འཛུགས་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་གཏམ་ལས་བཤད་རྒྱུར། མིག་སྔའི་དྲང་བདེན་མིན་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་ལས་བྱུང་བའི་འགྲན་རྩོད་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་གནོད་པ་ཚབས་ཆེན་བཟོས་ཡོད། རྒྱལ་སྤྱིའི་དངུལ་ལོར་གྲུབ་ཚུལ་དེ་བཅོས་བསྒྱུར་བྱེད་དགོས་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ནས། འཛམ་གླིང་ཡོངས་ཀྱི་འཐབ་ཇུས་ལས་ཁུངས་ཁྲོད་ཀྱི་འཐུས་མིའི་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར། བསྒྲགས་གཏམ་ལས་བསྟན་དོན། འབྲེལ་ཡོད་ཕྱོགས་ཁག་སོ་སོས་མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྨང་གཞིའི་སྟེང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་མཉམ་རྒྱལ་མཉམ་ལས་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཟེར།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་མིག་སྔའི་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་དེ་ཚན་རིག་དང་ལག་རྩལ། གསར་གཏོད་བཅས་ཀྱི་ནུས་པ་ཞེས་པ་དེ་རེད། བསྒྲགས་གཏམ་ལས་བསྟན་དོན། ཚན་རྩལ་དང་གསར་གཏོད་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མཉམ་ལས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་ཐོབ་པའི་གོ་སྐབས་དང་ཚན་རྩལ་འཕེལ་རྒྱས་སུ་གཏོང་བའི་ནུས་པ་མཐོར་འདེགས་བྱས་ནས། སྒོ་འབྱེད་དང་འདྲ་མཉམ། དཀྱེལ་ཡངས། མཐོང་ཆུང་མེད་པའི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་ཟེར། བསྒྲགས་གཏམ་ལས་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་དང་ལག་རྩལ། གསར་གཏོད་བཅས་ཀྱི་ཉིན་མོང་གཏན་འཁེལ་བྱས།

བསྒྲགས་གཏམ་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ཕྱོགས་གཅིག་ནས་བཀག་སྡོམ་བྱེད་ཐབས་སྤྱོད་པར་ངོ་རྒོལ་བྱས་པ་དང་། རྒྱལ་ཁབ་མང་བོའི་ཚོགས་ཞུགས་མི་སྣས་མཐོ་རིམ་གྲོས་ཚོགས་ཀྱི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་ཁྲོད་ཨ་མེ་རི་ཁས་ཁུ་པཱ་དང་ཝེ་ནེ་ཙུའེ་ལཱ་སོགས་རྒྱལ་ཁབ་ཀྱི་ཁྲིམས་འགལ་བཀག་སྡོམ་མཇུག་སྒྲིལ་དགོས་པའི་སྐུལ་མ་བཏང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་མཐུན་སྒྲིལ་བྱས་ཏེ་འཕེལ་རྒྱས་ཁེ་ཕན་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

དེ་ལས་གཞན་མཐོ་རིམ་གྲོས་ཚོགས་ནས་གསལ་སྒྲོག་རྐྱང་མ་ཞིག་ལ་གྲོས་འཆམ་བྱུང་སྟེ། མའོ་ཞི་ཁོ་ཡང་བསྐྱར་རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོའི་རྐྱེན་སྲོལ་ནང་ཞུགས་པར་ཡིད་འཐད་བྱུང་།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁུ་པཱ་ཡིས་སྤེལ་བ་དང་། རྒྱལ་ཁབ་སོ་གཅིག་མགོ་བ་དང་སྲིད་གཞུང་གི་མགོ་ཁྲིད་པ། རྒྱལ་སྤྱི་དང་ས་ཁོངས་རྩ་འཛུགས་ཀྱི་འགན་ཁུར་བ་མང་བོ། རྒྱལ་ཁབ་བརྒྱ་དང་བཅུ་དྲུག་གི་མཐོ་རིམ་འཐུས་ཚབ་ཚོགས་པ་བཅས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།