ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡ་རུ་ཐོངས་མཆན་རེ་ཞུའི་ལྟེ་གནས་བཙུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས10ཉིན། ཨེ་ཙེ་ཨོ་ཕི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཡ་པེ་པ་རུ་ཀྲུང་གོའི་ཐོངས་མཆན་རེ་ཞུ་ལྟེ་གནས་བཙུགས་ཏེ། ཨེ་ཙེ་ཨོ་ཕི་ཡའི་མང་ཚོགས་ལ་སྔར་ལས་སྟབས་བདེ་དང་ཆེད་ལས་ནུས་མཐོ་ཅན་གྱི་ཐོངས་མཆན་རེ་ཞུའི་ཞབས་ཞུ་འདོན་སྤྲོད་གནང་ཤིང་། རྒྱལ་ཁབ་གཉིས་ཀྱི་མི་ཆོས་རིག་གནས་བརྗེ་རེས་བྱེད་པར་སྟབས་བདེ་སྐྲུན་པ་རེད།

ཨེ་ཙེ་ཨོ་ཕི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཀྲའོ་ཀྲི་ཡོན་གྱིས་སྒོ་འབྱེད་མཛད་སྒོའི་སྟེང་། ཀྲུང་གོས་རྒྱལ་སྤྱིའི་ཀུན་སྤྱོད་ཀྱི་བྱེད་སྟངས་ལ་དཔེ་བལྟས་ནས་ཨེ་ཙེ་ཨོ་ཕི་ཡ་རུ་ཀྲུང་གོའི་ཐོངས་མཆན་རེ་ཞུ་ལྟེ་གནས་བཙུགས་ཏེ་ཨེ་ཙེ་ཨོ་ཕི་ཡའི་མང་ཚོགས་ལ་སྔར་ལས་སྟབས་བདེ་དང་ལས་ཕྱོད་ཆེ་བའི་རོགས་རམ་བྱེད་ཀྱི་ཡོད། ཀྲའོ་ཀྲི་ཡོན་གྱིས། ཐོངས་མཆན་རེ་ཞུ་ལྟེ་གནས་ཀྱིས་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་ཡིན་ཚུལ་བསྟན།

ཨེ་ཙེ་ཨོ་ཕི་ཡའི་ཡུལ་སྐོར་པུའུ་ཡི་རྒྱལ་དོན་པུའུ་ཀྲང་ཞིས་ལའེ་ཞི·ཅི་ཨར་མའི་ཤིས་ཚིག་ནང་། ཀྲུང་གོའི་ཐོངས་མཆན་རེ་ཞུ་ལྟེ་གནས་བཙུགས་པ་དེས་ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་འགྲོ་འོང་གི་དགོས་མཁོ་སྐོང་ཐུབ་ལ། རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱག་པར་ནུས་པ་གལ་ཆེན་བཏོན་ཐུབ་པར་བཤད།

ཨེ་ཙེ་ཨོ་ཕི་ཡའི་ཕྱི་འབྲེལ་པུའུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཟི་ཡི་འཐུས་མི་སའེ་མི་ཨར·ཧྥེ་ཙུའུ་མུའུ་པི་ཨར་གྱིས། ལྟེ་གནས་དེ་བཙུགས་པ་ལས་ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོ་སྲིད་གཞུང་གཉིས་བར་དང་ཁེ་ལས་ཕན་ཚུན་བར། མང་ཚོགས་ཕན་ཚུན་བར་གྱི་འབྲེལ་བ་བཟང་པོ་མཚོན་ཞིང་། དེ་ནི་ཧྥེ་གླིང་དང་ཀྲུང་གོའི་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཡིན་སྟབས། ཐོངས་མཆན་རེ་ཞུ་ལྟེ་གནས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་བར་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་གོང་སྤེལ་དུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།