ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཀུའེ་ནེ་ཡཱ་རུ་མྱུར་སྐྱོབ་གསོ་སྦྱོང་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོས་ཀུའེ་ནེ་ཡཱ་ལ་རོགས་སྐྱོར་བྱེད་པའི་སྐོར་ཁག་ཉེར་དགུ་བའི་སྨན་བཅོས་རུ་ཁག་གིས་ཚེས་བཅུ་ཉིན་ཀུའེ་ནེ་ཡཱའི་རྒྱལ་ས་ཁི་ནཱ་ཁི་ལི་ཡི་ཀྲུང་གོ་དང་ཀུའེ་ནེ་ཡཱའི་མཛའ་མཐུན་སྨན་ཁང་ནས་མྱུར་སྐྱོབ་གསོ་སྦྱོང་བྱ་འགུལ་སྤེལ། 

ཐེངས་འདིའི་བྱ་འགུལ་གྱི་བརྗོད་སྙིང་ནི་སྐར་བཅུའི་མྱུར་སྐྱོབ་གསེར་ལས་ལྷག་པ་སྟེ་རྒྱལ་སྤྱིའི་རང་སྐྱོབ་མྱུར་སྐྱོབ་ཉིན་མོ་ཞེས་པ་དེ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་འཕྲལ་བསྟུན་གསོ་རིག་ཞིབ་འཇུག་ཁང་སྐར་བཅུའི་མྱུར་སྐྱོབ་གསེར་ལས་ལྷག་ཅེས་པའི་བྱ་བའི་ཁང་དང་རྒྱལ་ཡོངས་རང་སྐྱོབ་མྱུར་སྐྱོབ་དང་བླངས་པའི་ཞབས་ཞུའི་མནའ་འབྲེལ། ཀུའེ་ནེ་ཡཱ་ལ་རོགས་སྐྱོར་བྱེད་པའི་སྐོར་ཁག་ཉེར་དགུ་བའི་ཀྲུང་གོའི་སྨན་བཅོས་རུ་ཁག་དང་ཀྲུང་གོ་དང་ཀུའེ་ནེ་ཡཱའི་མཛའ་མཐུན་སྨན་ཁང་བཅས་ཀྱིས་མཉམ་དུ་སྤེལ་བ་རེད། ཀུའེ་ནེ་ཡཱ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་ཀྲུང་གོ་དང་ཀུའེ་ནེ་ཡཱའི་མཛའ་མཐུན་སྨན་ཁང་གི་སྨན་བཅོས་མི་སྣར་གློ་སྙིང་སླར་གསོ་དང་ཧེ་མུའུ་ལི་ཁིའི་མྱུར་སྐྱོབ། ནད་པ་གནས་གཞན་དུ་སྤོར་བ། མྱུར་མོར་བརྟག་བཅོས་བྱེད་པ་སོགས་རྣམ་གྲངས་ཀྱི་སྦྱོང་བརྡར་དང་གསོ་སྦྱོང་སྤེལ། 

ཀྲུང་གོ་དང་ཀུའེ་ནེ་ཡཱའི་མཛའ་མཐུན་སྨན་ཁང་གི་མགོ་བ་ཏིས་ཡཱ་ནེ་ཡིས་གསོ་སྦྱོང་མཇུག་སྒྲིལ་རྗེས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། དེ་ནི་བརྒྱུད་རིམ་ཆ་ཚང་བའི་མྱུར་སྐྱོབ་སྦྱོང་བརྡར་ཅིག་ཡིན་པ་དང་། ཕྱིན་ཆད་མུ་མཐུད་དུ་སློབ་སྦྱོང་དང་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ། གསོ་སྦྱོང་དེ་དོན་དངོས་བྱ་བའི་ཁྲོད་བཀོལ་སྤྱོད་བྱེད་པ་དང་། སྨན་བཅོས་མི་སྣའི་དུས་ཚོད་ནི་ཚེ་སྲོག་ཡིན་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཀུའེ་ནེ་ཡཱའི་ནད་པ་ཚབས་ཆེན་དག་མྱུར་སྐྱོབ་བྱེད་པར་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། 

ཀུའེ་ནེ་ཡཱ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་གཙོ་གོ་ཝེ་ཡིས་བྱ་འགུལ་སྤེལ་སྐབས་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་བརྒྱུད་དེ་མྱུར་སྐྱོབ་ལ་ངེས་པར་ཚང་དགོས་པའི་གློ་སྙིང་སླར་གསོའི་ལག་རྩལ་དེ་ཀྲུང་གོ་དང་ཀུའེ་ནེ་ཡཱའི་མཛའ་མཐུན་སྨན་ཁང་གི་སྨན་བཅོས་མི་སྣར་ཁྲིད་དེ། སྔར་ལས་མང་བའི་མིས་མྱུར་སྐྱོབ་ལག་རྩལ་ཁོང་དུ་ཆུད་པར་བྱས་ནས། གློ་བུར་དོན་རྐྱེན་བྱུང་བའི་ནད་པ་དག་དུས་ལྟར་མྱུར་སྐྱོབ་བྱེད་དུ་འཇུག་འདོད་ཡིན་ཟེར། 

ཀུའེ་ནེ་ཡཱ་ལ་རོགས་སྐྱོར་བྱེད་པའི་སྐོར་ཁག་ཉེར་དགུ་བའི་ཀྲུང་གོའི་སྨན་བཅོས་རུ་ཁག་དེ་པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཟུར་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་། པེ་ཅིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་ནས་ཡོང་བའི་རུ་མི་ཉེར་གཉིས་ཀྱིས་གྲུབ་ཡོད་ཅིང་། ད་ལོའི་ཟླ་གསུམ་པའི་ཚེས་བདུན་ཉིན་ཁི་ནཱ་ཁི་ལི་རུ་འབྱོར་ཏེ། ནད་ཐོག་སྨན་བཅོས་དང་སྨན་ཁང་གི་དོ་དམ། འཕྲོད་བསྟེན་སྲིད་ཇུས། སྨན་བཅོས་ཀྱི་བཅོས་བསྒྱུར། སྤྱི་བའི་འཕྲོད་བསྟེན། བདེ་ཐང་སྐུལ་འདེད་སོགས་ཁྱབ་ཁོངས་མང་བོ་ནས་ཀུའེ་ནེ་ཡཱའི་བར་མཉམ་ལས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།