ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ས་གནས་བཞི་ཨུ་རུ་སིའི་ཁོངས་སུ་བསྡུ་ལེན་བྱེད་པའི་ཆིངས་ཡིག་ལ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཞི་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཏོན་ཉི་ཚིས་ཁི་དང་ལུའུ་ཀན་སི་ཁི། ཀྲང་པོ་ལོ་རེ་དང་ཧི་ཨར་སུང་བཅས་ས་གནས་བཞི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁོངས་སུ་ཞུགས་པའི་ཆིངས་ཡིག་དང་རྩ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱུང་། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙིག་ལེན་སི་ཅི་ཡིས་ཚེས་བཞི་ཉིན་བཀའ་ཁྲིམས་སྟེང་མིང་བཀོད་དེ། ཝུའུ་ཁི་ལན་གྱི་མངའ་ཁོངས་ཁ་བྲལ་དུ་བཏང་མི་ཆོག་ལ་བཙན་འཛུལ་བྱ་མི་ཆོག་ཅེས་ནན་གྱིས་བསྟན།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཞི་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཏོན་ཉི་ཚིས་ཁི་དང་ལུའུ་ཀན་སི་ཁི། ཀྲ་པོ་ལོ་རེ་དང་ཧི་ཨར་སུང་བཅས་ས་གནས་བཞི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁོངས་སུ་བསྡུ་ལེན་བྱེད་པའི་ཆིངས་ཡིག་དང་རྩ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། དེའི་སྔོན་ཉིན་མོར་ཨུ་རུ་སིའི་གྲོས་ཁང་འོག་མས་འབྲེལ་ཡོད་ཆིངས་ཡིག་དང་རྩ་ཁྲིམས་འཆར་ཟིན་དེར་ཆོག་མཆན་བཀོད། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་ཡིས་འདེམ་ཤོག་འཕངས་ཚར་རྗེས་བཤད་རྒྱུར། རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མྱུར་དུ་ཙུང་ཐུང་ཕུའུ་ཅིན་ལ་འབྲེལ་ཡོད་ཡིག་ཆ་སྤྲོད་རྒྱུ་ཡིན་ཟེར། རྒྱུས་ལོན་པ་ལྟར་ན། འབྲེལ་ཡོད་བཅའ་ཁྲིམས་ཀྱི་བརྒྱུད་རིམ་ནི་ཨུ་རུ་སིའི་ཙུང་ཐུང་བཀའ་རྒྱས་ད་ལྟའི་རྩ་ཁྲིམས་ལ་བཟོ་བཅོས་བྱས་རྗེས་དངོས་སུ་ཡོངས་འགྲུབ་བྱ་རྒྱུ་རེད།

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་སྟེང་ཚེས་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཙིག་ལེན་སི་ཅི་ཡིས་ཉིན་དེར་བཀའ་ཁྲིམས་སྟེང་མིང་བཀོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་པའི་ས་མཚམས་ཀྱི་ནང་དུ། ཝུའུ་ཁི་ལན་གྱི་མངའ་ཁོངས་ཁ་བྲལ་དུ་བཏང་མི་ཆོག་ལ་བཙན་འཛུལ་བྱ་མི་ཆོག ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་བདག་དབང་དེ་རང་གི་མངའ་ཁོངས་ཧྲིལ་བོར་ཁེབས་ཡོད་ཅེས་ནན་གྱིས་བཤད་ཟེར།

ཝུའུ་ཁི་ལན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཙིག་ལེན་སི་ཅི་ཡིས་ཙུང་ཐུང་བཀའ་ཁྱབ་སྟེང་མིང་བཀོད་དེ། ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་བཀོད་པའི་གྲོས་ཆོད་ལག་བསྟར་བྱེད་པར་ཆོག་མཆན་བཀོད། གྲོས་ཆོད་དེའི་ནང་དོན་ལ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མི་བྱ་རྒྱུ་དང་། ཝུའུ་ཁི་ལན་བྱང་ཆིངས་སུ་མྱུར་དུ་ཞུགས་པར་རེ་ཞུ་བྱ་རྒྱུ་སོགས་འདུ་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིས་ཝུའུ་ཁི་ལན་བྱང་ཆིངས་སུ་ཞུགས་འདོད་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཝུའུ་ཁི་ལན་བྱང་ཆིངས་སུ་ཞུགས་འདོད་པ་དེ་ནི་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་རྒྱུ་རྐྱེན་ཞིག་ཡིན་ཟེར། བྱང་ཆིངས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་བྱང་ཆིངས་སུ་ཞུགས་པའི་རེ་ཞུ་ལ་ལྟ་ཚུལ་མི་འདྲ་བ་བཅངས་ཡོད་དེ། རྒྱལ་ཁབ་ཁ་ཤས་ཀྱིས་ཝུའུ་ཁི་ལན་མྱུར་དུ་བྱང་ཆིངས་སུ་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་པ་དང་རྒྱལ་ཁབ་ལ་ལས་དེར་རྒྱབ་སྐྱོར་བྱེད་བཞིན་མེད།

ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་སིས་ཚེས་གསུམ་ཉིན་བཤད་རྒྱུར། གཏོར་བརླགས་ཐེབས་པའི་སོལ་རླངས་སྦུག་ལམ་གསུམ་ལས་སོལ་རླངས་ཕྱིར་ཟགས་མཚམས་ཆད་པ་དང་སྦུག་ལམ་གྱི་གནོན་དབུགས་གཏན་འཇགས་ཡིན། གནོན་དབུགས་གཏན་འཇགས་སུ་གཏོང་ཆེད། ཀུང་སི་དེས་གཏོར་བརླགས་ཐེབས་མེད་པའི་སྦུག་ལམ་གཞན་པ་ཞིག་ནས་རང་བྱུང་སོལ་རླངས་ཕྱིར་བླངས་ཏེ་སྦུག་ལམ་གྱི་གནོན་དབུགས་ཇེ་དམའ་རུ་བཏང་ཡོད་ལ། ཀུང་སི་དེས་སྤྱད་པའི་བྱེད་ཐབས་ལས་སྦུག་ལམ་དེར་གཏོར་བརླགས་ཐེབས་ཡོད་མེད་ཤེས་ཐུབ་པར་མ་ཟད། དོན་རྐྱེན་བྱུང་སའི་མི་མངོན་པའི་ཉེན་ཁ་ཡང་ཇེ་ཆུང་དུ་གཏོང་ཐུབ་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས་གསུམ་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་དུ་ཨ་མེ་རི་ཁའི་རྒྱལ་སྲིད་བློ་ཆེན་པུའུ་ལིན་ཁིན་གྱིས་ཉེ་སྔོན་ཨུ་རུ་སིའི་རང་བྱུང་སོལ་རླངས་སྦུག་ལམ་ལས་སོལ་རླངས་ཕྱིར་ཟགས་ཞེས་བཤད་པའི་གཏམ་བཤད་ལ་དཔྱད་བརྗོད་སྤེལ་ནས། ཨུ་རུ་སིས་ནུས་ཁུངས་མཚོན་ཆ་རུ་གཏན་ནས་བྱས་མ་མྱོང་ཞེས་བཤད། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་བཀོལ་མི་ཐུབ་པའི་གནས་ཚུལ་འོག་ཏུ། ཨ་མེ་རི་ཁར་ད་གཟོད་རང་གི་སོལ་རླངས་རིན་གོང་མཐོན་པོས་ཕྱིར་བཙོང་བའི་གོ་སྐབས་ཡོད། རྒྱལ་ཁབ་ཁ་ཤས་ལ་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་བརླག་པའི་དམག་དོན་ལག་རྩལ་དང་ནུས་པ་ཡོད་པ་དང་། དམག་དོན་ཁྱབ་ཁོངས་ཀྱི་ཆེད་མཁས་པས་རྒྱལ་ཁབ་གང་དག་ཆ་རྐྱེན་དེ་དང་མཐུན་པ་གསལ་བོར་ཤེས་ངེས་ཟེར།

ཝུའུ་ཁི་ལན་རྒྱལ་སྤྱིའི་གློག་སྐྱེལ་གློག་འཕྲིན་ཁང་གིས་ཚེས་གསུམ་ཉིན་ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་བཤད་པའི་སྐད་ཆ་དྲངས་པ་ལྟར་ན། ཤར་ཕྱོགས་ཀྱི་ཝུའུ་ཁི་ལན་གྱི་དམག་དཔུང་ཧུའུ་ལེ་མན་ནས་ལུའུ་ཀན་སི་ཁི་ས་ཁུལ་གྱི་ནུབ་ཕྱོགས་གྲོང་ཁྱེར་ཁི་ལེ་མེན་ན་ཡ་རུ་ཕྱིར་འཐེན་བྱས་ཏེ་ས་དེའི་ཨུ་རུ་སིའི་དམག་སྒར་ལ་སྒྱོགས་མདེལ་འཕངས་པ་ཡིན་ཟེར།

ཝུའུ་ཁི་ལན་ཙུང་ཐུང་བཞུགས་ཤག་གི་དྲ་ཚིགས་སྟེང་ཚེས་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཙིག་ལེན་སི་ཅི་ཡིས་ཉེ་སྔོན་གཏམ་བཤད་སྐབས། ཉེ་དུས་ཀྱི་དམག་དོན་འགུལ་སྐྱོད་ཁྲོད་དུ། ཧ་ཨར་ཁི་ཧྥུའུ་ས་ཁུལ་ཁོ་ན་ནས་ཀྱང་སྡོད་དམངས་འདུག་ས་བཞི་བརྒྱ་དང་ལྔ་བཅུ་ཝུའུ་ཁི་ལན་དམག་དཔུང་གིས་ཕྱིར་བླངས་པ་དང་། ས་ཁུལ་དེ་དག་གི་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་ཟེར།

ཨ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ན་ཧྲིན་ཁི་ཧྥུའུ་ཡིས་ཚེས་གསུམ་ཉིན་བསྒྲགས་རྒྱུར། ཨུ་རུ་སིའི་དམག་གིས་ཧ་ཨར་ཁི་ཧྥུའུ་མངའ་སྡེའི་ཁུའུ་ཕེ་དབྱང་སི་ཁི་སོགས་ས་ཁུལ་ནས་ཝུའུ་ཁི་ལན་གྱི་དམག་ལ་རྒོལ་རྡུང་བྱས་པ་ཡིན། ཏོན་ཉི་ཚིས་ཁི་ས་ཁུལ་གྱི་བྱང་ཕྱོགས་ཀྱི་གྲོང་བརྡལ་གཙོ་བོ་ཧུང་ལེ་མན་ནས། ཨུ་རུ་སིའི་དམག་གིས་ཝུའུ་ཁི་ལན་གྱི་འཕྲུལ་ཆས་ཅན་གྱི་སྟོང་ཤོག་རེ་དྲུག་པ་དང་གོ་གསུམ་པར་གཏོར་སྐྱོན་ཆེན་པོ་བཏང་བ་ཡིན། དེས་མི་ཚད་ཨུ་རུ་སིའི་དམག་གིས་ཀྲ་པོ་ལོ་རེ་མངའ་སྡེའི་ཝུའུ་ཁི་ལན་དམག་དཔུང་གི་མེ་ཤུགས་འཕུར་མདའི་སྒར་ས་གསུམ་རྩ་བ་ནས་བརླགས་པ་ཡིན་ཟེར།

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ཡིས་ཚེས་བཞི་ཉིན་མེན་སི་ཁི་ནས་དམག་དོན་བདེ་འཇགས་གྲོས་ཚོགས་བསྡུ་སྐབས་བཤད་རྒྱུར། ཨུ་རུ་སིས་སྤེལ་བའི་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་ཤུགས་ཇེ་ཆུང་དུ་བཏང་མེད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྱང་ནུབ་ཕྱོགས་ཀྱི་དམག་དོན་རོགས་སྐྱོར་འོག་ཏུ་རྒོལ་ལན་སྤྲོད་བཞིན་ཡོད་པས། གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་འདུག་ཟེར། ཁོས་ཝུའུ་ཁི་ལན་གྱིས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་སུ་དམག་དོན་མི་སྣ་འབུམ་གཅིག་དང་ཁྲི་ལྔ་བཀོད་སྒྲིག་བྱས་པར་མ་ཟད་ཨུ་རུ་སི་དཀར་པོའི་ཕྱོགས་སུ་མྱུལ་ཞིབ་བྱེད་བཞིན་འདུག་ཅེས་བཤད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།