ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་སི་ཐཱ་རེ་ཁཱའི་གསར་དུ་བདམས་པའི་ཙུང་ཐུང་ཁྲ་ཝེ་སི་ཡིས་ཚེས་བརྒྱད་ཉིན་རྒྱལ་ས་ཧྲིན་ཧི་སེ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ལོ་ངོ་བཞིའི་ཙུང་ཐུང་གི་འགན་ཡུན་མགོ་བརྩམས་པ་རེད།
ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཁྲ་ཝེ་སི་ཡིས་ཁོ་སི་ཐཱ་རེ་ཁཱའི་ཁྲིམས་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལོ་ཏི་ལི་ཀི་ཨ་ལི་ཡཱ་སིའི་སྣེ་ཁྲིད་འོག་དམ་བཅའ་བཞག་པ་དང་། ཁོས་དེའི་རྗེས་ཀྱི་ལས་འགན་ཁུར་བའི་གཏམ་བཤད་ནང་བཤད་རྒྱུར། སྲིད་གཞུང་གསར་བས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་འབད་འབུངས་དང་རུལ་སུངས་དང་དུག་རྫས་ལྐོག་འཚོང་སོགས་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།
ཙུང་ཐུང་གཞོན་པ་སི་ཐི་ཧྥན་པུའུ་ལོན་ནཱ་དང་མཱ་ལོས་མུའུ་ནེ་ཝེ་གཉིས་ཀྱིས་ཀྱང་ཉིན་དེར་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།
སི་ཕན་གྱི་རྒྱལ་བོ་དང་ཁོ་ལོམ་པུ་ཡཱ། ཕཱ་ནཱ་མཱ། ཏོ་སྨི་ནེ་ཀ་སོགས་རྒྱལ་ཁབ་ཀྱི་ཙུང་ཐུང་ལས་འགན་ཁུར་བའི་མཛད་སྒོར་ཞུགས་པ་རེད།
ཁྲ་ཝེ་སི་ནི་ད་ལོར་ལོ་དྲུག་ཅུ་ཡིན་པ་དང་། སྤྱི་ཚོགས་དམངས་གཙོ་ཡར་ཐོན་ཏང་གི་འདེམ་སྒུག་པའི་ཚུལ་དུ་ཟླ་བཞི་བའི་ཚེས་གསུམ་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་རྒྱལ་ཁ་ཐོབ་ནས། ཁོ་སི་ཐཱ་རེ་ཁཱའི་སྐབས་གསར་བའི་ཙུང་ཐུང་དུ་བདམས་ཐོན་བྱུང་བ་རེད། །