ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཉེ་སྔོན་མཚོ་ནུབ་འཁོར་སྐར་གཏོང་འཕེན་ར་བར་རྟོག་ཞིབ་བྱེད་སྐབས། གཏོང་འཕེན་ར་བ་དེའི་དེང་རབས་ཅན་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། གཏོང་འཕེན་ར་བ་དེར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་གཏོང་འཕེན་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་མཚོ་ནུབ་འཁོར་སྐར་གཏོང་འཕེན་ར་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། གཏོང་འཕེན་ར་བ་དེར་དེང་རབས་ཅན་གྱི་ལེགས་བཅོས་དང་རྒྱ་བསྐྱེད་བྱས་ཏེ། སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཀོལ་ནས་མྱུལ་ཞིབ་འཁོར་སྐར་དང་སྤྱོད་སྒོ་མང་བའི་འཁོར་སྐར་གཏོང་འཕེན་བྱེད་པའི་ལས་འགན་ལག་བསྟར་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན། ཁོས་ད་རུང་གཏོང་འཕེན་ར་བ་དེའི་སྒྲིག་ཆས་མང་བོར་དེང་རབས་ཅན་གྱི་ལེགས་བཅོས་བྱེད་པར་བྱེ་བྲག་གི་ལས་འགན་དང་རེ་བ་བཏོན། དེའི་ནང་གཏོང་འཕེན་ར་བར་ལེགས་བཅོས་དང་རྒྱ་བསྐྱེད་བྱེད་པ་དང་། མེ་ཤུགས་འཕུར་མདའི་སྤྱིའི་སྒྲིག་སྦྱོར་དང་ཚོད་ལྟའི་སྒྲིག་ཆས། དེ་མིན་འཁོར་སྐར་གྱི་ཚོད་ལྟའི་སྒྲིག་ཆས་སོགས་འདུས་ཟེར།
གཞན་ཡང་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཉེ་སྔོན་ཁྲའོ་ཞན་རྒྱལ་ཁབ་ཀྱི་མཁའ་བསྐྱོད་མཁའ་འགྲུལ་འཕེལ་རྒྱས་ཅུའུ་རུ་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཕྱིན་ཆད་ཁྲའོ་ཞན་གྱིས་མྱུལ་ཞིབ་འཁོར་སྐར་མང་བོ་བར་སྣང་དུ་གཏོང་རྒྱུ་ཡིན་ཟེར།
མཚོ་ནུབ་འཁོར་སྐར་གཏོང་འཕེན་ར་བ་དེ་ཁྲའོ་ཞན་ཕེན་ཨན་བྱང་ལམ་གྱི་ཐིས་ཧྲན་རྫོང་དུ་ཡོད་པ་དང་། ཕེན་རང་བར་སྤྱི་ལེ་ཉིས་བརྒྱའི་བར་ཐག་ཡོད། །