ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཕྱིར་ལོག་པ་སོགས་གནད་དོན་ཐད་ནས་ཐད་ཀར་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
ཕུའུ་ལའེ་སི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཉིན་དེར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་ནམ་རྒྱུན་དུ་ཨ་མེ་རི་ཁས་ཕྱོགས་གཉིས་དང་ཕྱོགས་མང་བོའི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སོགས་གནད་དོན་ཐད་ནས་དབྱི་ལིང་བར་ཐད་ཀར་འབྲེལ་འདྲིས་བྱས་ཚེ་གྲུབ་འབྲས་ལྷག་ཏུ་ཆེན་པོ་ཐོབ་སྲིད་པར་འདོད་ཡོད། ཨ་མེ་རི་ཁ་དང་དབྱི་ལིང་བར་སྔར་ལས་ཕན་ནུས་ལྡན་པའི་འབྲེལ་འདྲིས་མཁོ་བ་དང་། དེ་ལས་རྒྱལ་ཁབ་གཉིས་ཕྱིར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པ་མངོན་འགྱུར་བྱེད་དགོས་ཟེར།
ཕུའུ་ལའེ་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་མྱུར་མོར་དབྱི་ལིང་བར་ཐད་ཀར་གྱི་ཕྱི་འབྲེལ་གྲོས་མོལ་སྤེལ་བར་བརྩོན་ལེན་བྱེད་ཀྱང་། བྱེ་བྲག་གི་དུས་ཚོད་རེའུ་མིག་བཏོན་མེད་ཟེར།
དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བ་ནས་བཟུང་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་གྲོས་མོལ་སྤེལ་ཏེ། ཨ་མེ་རི་ཁ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱིས་ཆིངས་ཡིག་སླར་གསོ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཨ་མེ་རི་ཁ་བརྒྱུད་པའི་སྒོ་ནས་གྲོས་མོལ་ལ་ཞུགས།