ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྐབས་བཅུ་གཉིས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་རིམས་ནད་དབང་གིས་ཡང་བསྐྱར་རྗེས་སུ་སྣུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་ཁྱབ་སྒྲོག་བྱས་དོན། སྔོན་གྱི་འཆར་གཞི་ལྟར་དུ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་བར་སུའེ་ཙེར་གྱི་རི་ནེ་ཝ་ནས་སྤེལ་རྒྱུར་ཐག་གཅོད་བྱས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་རྗེས་སུ་སྣུར་རྒྱུ་ཡིན་པ་དང་། གྲོས་ཚོགས་ཀྱི་དུས་ཚོས་གསར་བ་མིག་སྔར་ད་རུང་གཏན་འཁེལ་བྱས་མེད་ཟེར། 

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། ཉེ་སྔོན་རྙེད་པའི་རྣམ་པ་གསར་བའི་གཤིས་འགྱུར་པྲོག་གསར་གློ་ཚད་རིམས་ནད་ལས་རྒྱལ་ཁབ་མང་བོའི་སྲིད་གཞུང་གིས་མཁའ་འགྲུལ་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་སྤྱད་པས། རྒྱལ་ཁབ་མང་བོའི་འཐུས་མི་རི་ནེ་ཝ་རུ་འབྱོར་ནས་གྲོས་ཚོགས་ལ་ཞུགས་ཐབས་མེད་ཟེར། 

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱེ་ཝེ་ལཱ་ཡིས་བསྟན་དོན། རྒྱལ་ཁབ་མང་བོའི་འཐུས་ཚབ་ཚོགས་པས་ཕན་ཚུན་ངོ་ཐུག་ནས་གྲོས་མོལ་བྱེད་པ་ལྷག་ཏུ་གལ་ཆེ་བར་འདོད་ཀྱང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་བལྟས་ན་གྲོས་ཚོགས་ལ་ཞུགས་མཁན་དག་གི་བདེ་ཐང་དེ་ཡང་གལ་ཆེ་བར་བསམ་ཡོད། གནས་ཚུལ་འདི་འདྲའི་འོག འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་རྗེས་སུ་སྣུར་བ་དང་། ཆ་རྐྱེན་ལྡན་པའི་གནས་ཚུལ་འོག་མྱུར་མོར་གྲོས་ཚོགས་སླར་གསོ་བྱེད་པ་ལས་གདམ་གསེས་གཞན་པ་ཅི་ཡང་མེད་ཟེར། 

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཆེས་མཐོའི་ཐབས་ཇུས་དབང་ཤུགས་ལས་ཁུངས་ཡིན་པ་དང་། སྤྱིར་བཏང་དུ་ལོ་གཉིས་ཀྱི་ནང་ཐེངས་རེར་སྤེལ་བཞིན་ཡོད། སྐབས་བཅུ་གཉིས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པར་ཧཱ་སག་སི་ཐན་གྱི་རྒྱལ་ས་ནོའུ་ཨར་སུའུ་ཏན་ནས་སྤེལ་རྒྱུ་ཐག་བཅད་ཡོད་པ་དང་། རྗེས་སུ་པྲོག་གསར་གློ་ཚད་རིམས་ནད་དབང་གིས་རྗེས་སུ་སྣུར་བ་ཡིན་ལ། གྲོས་ཚོགས་སྤེལ་སའི་ས་གནས་ཀྱང་རི་ནེ་ཝ་རུ་བསྒྱུར་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།