ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་པའི་ཚེས་བཅུ་བདུན་ཉིན། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་གྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཏུའུ་ཧྲང་པེ་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ། ཚོགས་རའི་ཡུལ་དངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་སྲིད་ཨུ་ཡོན། ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་དང་མཛའ་མཐུན་ལྡན་པའི་གླེང་མོལ་བྱས།

དབྱི་མུའུ་ལན་ཧན་གྱིས་ཝང་དབྱི་བརྒྱུད་དེ་ཀྲུང་གོའི་མགོ་ཁྲིད་པར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་ཤིང་། ཕ་ཁི་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་བར་གདེང་འཇོག་གནང་བ་དང་། ཀྲུང་གོས་ཕ་ཁི་སི་ཐན་གྱིས་རིམས་ནད་འགོག་བཅོས་ལས་རྒྱལ་ཁ་ལེན་པ་དང་དཔལ་འབྱོར་སླར་གསོ་བྱེད་པར་དུས་ཐོག་ཏུ་ནུས་ལྡན་གྱི་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། དབྱི་མུའུ་ལན་ཧན་གྱིས་བཤད་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ཀྱི་ཉམས་སད་ཐེག་པ་དང་། སྟོབས་ཤུགས་གང་གིས་ཀྱང་དེར་གཡོ་སྒུལ་བྱེད་ཐབས་མེད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཁི་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པའི་འདོད་བློར་འགྱུར་བ་མེད་པ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་གང་གིས་ཀྱང་དེར་འགྱུར་བ་གཏོང་མི་ཐུབ་ཟེར།

ཝང་དབྱི་ཡིས་ཀྲུང་གོའི་མགོ་ཁྲིད་པས་དབྱི་མུའུ་ལན་ཧན་ལ་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཝང་དབྱི་ཡིས་བཤད་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བཟོད་སྒོམ་དང་ཕན་ཚུན་ཡིད་ཆེས་བྱེད་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ལག་བསྟར་བྱེད་པའི་ཕྱི་ནང་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ལ། ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།