ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དང་སྲིད་གཞུང་དམག་དཔུང་གིས་ཞིང་ཆེན་མང་བོ་ནས་འཁྲུག་རྩོད་དྲག་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཞིང་ཆེན་མང་བོའི་ལྟེ་གནས་གྲོང་ཁྱེར་དུ་དཔུང་འཇུག་བྱས་ཏེ། སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་དྲག་པོ་བྱས། ཐཱ་ལེ་པན་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་གཉིས་བཙན་བཟུང་བྱས་པ་ཁྱབ་སྒྲོག་བྱས་པར་བཤད་པ་དང་། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་དཔུང་གིས་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་པའི་ཚུལ་བསྟན། 

ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་བརྒྱད་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོན་ཏུའུ་ཧྲི་དང་སཱ་ཨར་ཕུའུ་ལེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་སཱ་ཨར་ཕུའུ་ལེ་གྲོང་ཁྱེར་བཙན་བཟུང་བྱས་ཡོད་ཟེར། 

ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཨ་མན་གྱིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། དམིགས་བསལ་དམག་དཔུང་གིས་ཁོན་ཏུའུ་ཧྲི་གྲོང་ཁྱེར་ནས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་གཙང་ཕྱགས་བྱེད་བཞིན་ཡོད་ཟེར། ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་སཱ་ཧྥེ་ཡིས་གསར་འགོད་པར་བསྟན་དོན། ཁོན་ཏུའུ་ཧྲི་གྲོང་ཁྱེར་གྱི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

མིག་སྔའི་བར་དུ་ཨ་ཧྥུའུ་ཧན་སྲིད་གཞུང་གིས་སཱ་ཨར་ཕུའུ་ལེ་གྲོང་ཁྱེར་གྱི་འཁྲུག་རྩོད་གནས་ཚུལ་བསྒྲགས་མེད། མིང་བཤད་མི་འདོད་པའི་སཱ་ཨར་ཕུའུ་ལེ་ཞིང་ཆེན་གྱི་དཔོན་པོ་ཞིག་གིས་ཚེས་བརྒྱད་ཉིན་གསར་འགོད་པར་བཤད་རྒྱུར། སཱ་ཨར་ཕུའུ་ལེ་གྲོང་ཁྱེར་གྱི་ས་ཁུལ་མང་ཆེ་བ་ཐཱ་ལེ་པན་གྱིས་བཙན་བཟུང་བྱས་ཡོད་པ་དང་། སྲིད་གཞུང་དམག་དཔུང་གིས་སྔར་བཞིན་ཐཱ་ལེ་པན་བར་འཁྲུག་རྩོད་བྱེད་ཀྱིན་ཡོད་ཟེར། 

ཐཱ་ལེ་པན་གྱིས་ད་རུང་ཧི་ལཱ་ཐི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧི་ལཱ་ཐི་དང་ཐཱ་ཧཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐཱ་ལུའུ་ཁན། པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྥ་ཀྲ་པཱ་ཏི་བཅས་ཀྱི་དཔུང་འཇུག་ལ་ཤུགས་སྣོན་བྱས་ཡོད། ཨ་མན་གྱིས་བསྟན་དོན། སྲིད་གཞུང་དམག་དཔུང་གིས་ཞིང་ཆེན་དེ་གསུམ་གྱི་ལྟེ་གནས་གྲོང་ཁྱེར་ནས་ཐཱ་ལེ་པན་གྱི་དཔུང་འཇུག་མཁན་མཐར་སྐྲོད་བཏང་ཡོད་ཟེར། 

ཐཱ་ལེ་པན་གྱིས་ཉེ་སྔོན་ཁྱབ་སྒྲོག་བྱས་དོན། ལྷོ་ནུབ་ཕྱོགས་ཀྱི་ནེ་མུའུ་ལུའུ་ཙི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀྲ་ལན་ཅི་དང་བྱང་ཕྱོགས་ཀྱི་ཀྲུའུ་ཙི་ཀྲན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཞེ་པུས་ཨར་ཀན་བཙན་བཟུང་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།