ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པས་ཕུའུ་ཅིན་དང་པེད་ཏིན་གྱིས་ཟླ་དྲུག་པར་གྲོས་མོལ་བྱེད་ངེས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཟླ་དྲུག་པའི་ནང་གྲོས་མོལ་བྱེད་ངེས་ཀྱང་སྲིད་ཟེར། 

ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་པར་རེ་བ་བྱེད་པའི་བརྡ་བསྟན་ཡང་། གྲོས་མོལ་བྱེད་ཐུབ་མིན་དེ་མཇུག་མཐར་ཕྱོགས་མང་བོའི་རྒྱུ་རྐྱེན་ལ་རག་ལས་ཡོད་པ་དང་། འབྲེལ་ཡོད་བྱ་བ་སྤེལ་མགོ་བརྩམས་མེད། ཕུའུ་ཅིན་དང་པེད་ཏིན་གྱི་གྲོས་མོལ་དེ་ཟླ་དྲུག་པའི་ནང་སྤེལ་སྲིད་པ་དང་། ཉུང་མཐར་ཡང་ངེས་གཏན་གྱི་དུས་ཚོད་ཡོད་སྲིད་ཟེར་ཡང་། ཁོས་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད། 

ཕུའུ་ཅིན་དང་པེད་ཏིན་གྱིས་ཚེས་བཅུ་གསུམ་ཉིན་ཁ་པར་གྲོས་མོལ་བྱས། པེད་ཏིན་གྱིས་ཁ་པར་གཏོང་སྐབས་མ་འོངས་པའི་ཟླ་འགའི་ནང་ཕུའུ་ཅིན་དང་མཉམ་དུ་རྒྱལ་ཁབ་གཞན་པ་ཞིག་ནས་མཐོ་རིམ་གྲོས་ཚོགས་སྤེལ་བའི་གྲོས་གཞི་བཏོན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས། པེད་ཏིན་གྱིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ཁོས་ཕུའུ་ཅིན་དང་མཉམ་དུ་ད་ལོའི་དབྱར་ཁར་ཡོ་རོབ་གླིང་ནས་མཐོ་རིམ་གྲོས་ཚོགས་སྤེལ་བའི་གྲོས་གཞི་བཏོན་ཡོད་ཟེར། 

དེ་ལས་གཞན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་ཉེར་ལྔ་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་མཛའ་མཐུན་མིན་པའི་རྒྱལ་ཁབ་ཀྱི་མིང་ཐོ་གཏན་འབེབས་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁ་མིང་ཐོ་དེའི་གྲས་སུ་འཇོག་རྒྱུ་ཡིན་ཟེར། ཁོ་མོས་བཤད་རྒྱུར། ཨུ་རུ་སི་ཡིས་མཛའ་མཐུན་མིན་པའི་རྒྱལ་ཁབ་ཀྱི་མིང་ཐོ་གཏན་འབེབས་བྱེད་པའི་རྒྱུ་རྐྱེན་གཅིག་ནི་ཨ་མེ་རི་ཁའི་མཛའ་མཐུན་མིན་པའི་བྱ་སྤྱོད་རབ་དང་རིམ་པར་འབྲེལ་བ་ཡོད་པས། ཨ་མེ་རི་ཁ་མིང་ཐོ་དེ་ལས་ཐར་ས་མེད་པ་ཁོ་ཐག་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།