ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་མཱ་ལེ་ཞི་ཡཱའི་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་ལས་ཁུངས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མཱ་ལེ་ཞི་ཡཱ་ཡིས་ཉེ་སྔོན་ཁྲའོ་ཞན་གྱི་སྤྱི་དམངས་ཤིག་བཙན་གྱིས་ཨ་མེ་རི་ཁར་སྤྲོད་རྒྱུ་ཐག་བཅད་པའི་དབང་གིས་ཁྲའོ་ཞན་གྱིས་མཱ་ལེ་ཞི་ཡཱའི་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཁྲའོ་ཞན་སྤྱི་དམངས་དེས་ལོ་མང་བོའི་རིང་ལ་ནམ་རྒྱུན་ཁྲིམས་མཐུན་གྱི་ཕྱི་ཕྱོགས་ཉོ་ཚོང་བྱ་འགུལ་སྤེལ་བཞིན་ཡོད་ཀྱང་། མཱ་ལེ་ཞི་ཡཱ་ཡིས་དེས་ཁྲིམས་འགལ་གྱི་དངུལ་ནག་དཀར་བསྒྱུར་གྱི་འབྲེལ་ཡོད་བྱ་འགུལ་སྤེལ་བར་བརྗོད་པ་ནི་རྫུན་བཟོ་བྱས་པའི་གཡོ་ཇུས་ཤིག་རེད་ཟེར། མཱ་ལེ་ཞི་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཚེས་བཅུ་བདུན་ཉིན་ཉེས་མེད་ཀྱི་ཁྲའོ་ཞན་སྤྱི་དམངས་དེ་ཉེས་ཅན་དུ་ངོས་བཟུང་སྟེ་དེ་བཙན་གྱིས་ཨ་མེ་རི་ཁར་སྤྲད་པ་རེད། བྱ་སྤྱོད་དེར་བཟོད་སྒོམ་བྱེད་ཐབས་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མཱ་ལེ་ཞི་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཕན་ཚུན་གྱི་བདག་དབང་ལ་བརྩི་འཇོག་བྱེད་པའི་རྨང་གཞིར་གཏོར་བརླག་བཏང་ཡོད། གནས་བབ་ཚབས་ཆེན་དེར་གཞིགས་ཏེ་ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁའི་བཙན་དབང་ལ་གཉའ་སྒུར་ནས་ཁྲའོ་ཞན་ལ་དགྲར་འཛིན་གྱི་བྱ་སྤྱོད་སྤེལ་བའི་མཱ་ལེ་ཞི་ཡཱའི་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་ཡིན་ཟེར། 

གསལ་སྒྲོག་ལས་མཇུག་མཐར་བཤད་རྒྱུར། ད་ནས་བཟུང་མཱ་ལེ་ཞི་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཕྱོགས་གཉིས་བར་འབྱུང་སྲིད་པའི་མཇུག་འབྲས་གང་རུང་ལ་འགན་ཡོངས་སུ་ཁུར་དགོས་ཟེར། གསལ་སྒྲོག་ལས་ད་རུང་ཨ་མེ་རི་ཁ་དོན་རྐྱེན་དེའི་ལྟག་རྒྱབ་ཀྱི་ངན་སྐུལ་མཁན་ཡིན་པའི་ཆ་ནས་རིན་དོད་ངེས་ཅན་གཏོང་དགོས་པའི་ཉེན་བརྡ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།