ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ས་དཀྱིལ་མཚོ་ཁོངས་ཤར་མའི་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་ནུབ་ཀྱི་རྒྱ་མཚོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་ཉེར་བརྒྱད་ཉིན་ས་དཀྱིལ་མཚོ་ཁོངས་ཤར་མའི་གནས་བབ་འཕེལ་རྒྱས་ཐད་ནས་ཁ་པར་གྲོས་མོལ་བྱས། 

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་བ་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་སི་ཐའོ་ཨར་ཐིན་པེ་ཀི་ལ་བསྟན་དོན། ཐུར་ཁེ་ཡིས་མུ་མཐུད་དུ་འཛམ་གླིང་གི་ས་ཁུལ་སོ་སོ་ནས་རང་སྟེང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། བྱང་ཆིངས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཞིང་ས་ཁུལ་གྱི་ཞི་བདེ་ལ་གཏོར་བརླག་གཏོང་བའི་ཕྱོགས་གཅིག་གི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་མི་རུང་བའི་རེ་བ་བཏོན། 

གཞན་ཡང་བྱང་ཆིངས་རྩ་འཛུགས་ཀྱིས་སྤེལ་བའི་གསལ་སྒྲོག་ལྟར་ན། སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཐེངས་འདིའི་ཁ་པར་གྲོས་མོལ་ཁྲོད་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཞི་བདེའི་གྲོས་མོལ་ལ་བརྟེན་ནས་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར། 

ཐུར་ཁེ་དང་ཞི་ལཱ་རྒྱལ་ཁབ་གཉིས་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་དང་། ཕྱོགས་གཉིས་བར་དུས་ཡུན་རིང་བོར་ས་དཀྱིལ་མཚོ་ཁོངས་ཤར་མའི་ནུས་ཁུངས་གནད་དོན་ཐད་འགལ་བ་གནས་ཡོད། ཞི་ལཱ་དང་ཨེ་ཅིབ་ཀྱིས་ཟླ་འདིའི་ཚེས་དྲུག་ཉིན་མཚོ་ཐོག་རྒྱལ་མཚམས་ཀྱི་གྲོས་མཐུན་བཀོད་དེ། ཕྱོགས་གཉིས་ཀྱིས་མཚོ་ཐོག་གི་ཆེད་དབང་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཐུར་ཁེ་ཡིས་དོན་དེར་མ་དགའ་བའི་ཚུལ་བསྟན་པ་དང་། གྲོས་མཐུན་དེར་འབྲེལ་བའི་ས་ཁོངས་ནི་ཐུར་ཁེའི་སྐམ་སའི་ཁྱབ་ཁོངས་སུ་གནས་ཡོད་པར་འདོད། ཐུར་ཁེ་ཡིས་ཟླ་འདིའི་ཚེས་བཅུ་ཉིན་ཡང་བསྐྱར་ཚན་རིག་རྟོག་ཞིབ་གྲུ་གཟིངས་མངག་ནས། མཚོ་དམག་གི་གྲུ་གཟིངས་མང་བོའི་འགེབས་སྲུང་འོག་རྩོད་གཞིར་གྱུར་བའི་མཚོ་ཁོངས་སུ་སོང་ནས་ཞིབ་བཤེར་བྱས་པར་ཞི་ལཱ་ཡིས་ངོ་རྒོལ་དྲག་པོ་བྱས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།