ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཀན་ཏཱ་དང་རུ་ཝང་ཏཱ་ཡིས་ཚེས་ཉེར་གཅིག་ཉིན་ཕྱིར་སྐྱེལ་ཆིངས་ཡིག་བཀོད་དེ་རྒྱལ་ཁབ་གཉིས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་།
ཝུ་ཀན་ཏཱ་དང་རུ་ཝང་ཏཱ་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་ཕྱོགས་བཞིའི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བ་ཉིན་དེར་རྒྱལ་ཁབ་གཉིས་བར་གྱི་ཅཱ་ཐུའུ་ནཱ་དང་ཁཱ་ཐུའུ་ནཱའི་མཐའ་མཚམས་རྒྱུ་ལམ་ནས་སྤེལ། ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ་དང་རུ་ཝང་ཏཱའི་ཙུང་ཐུང་ཁཱ་ཅཱ་མཱེ། ཨན་ཁོ་ལཱའི་ཙུང་ཐུང་ལོ་ལོན་སོ། ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་བཅས་གྲོས་ཚོགས་ལ་ཞུགས། ཝུ་ཀན་ཏཱའི་ཕྱི་འབྲེལ་བློན་ཆེན་ཁུའུ་ཐེ་སཱ་དང་རུ་ཝང་ཏཱའི་ཕྱི་འབྲེལ་བློན་ཆེན་པུས་ལུའུ་ཐཱ་གཉིས་ཀྱིས་སོ་སོར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ཏེ་ཕྱིར་སྐྱེལ་ཆིངས་ཡིག་སྟེང་མིང་བཀོད།
མཐོ་རིམ་གྲོས་ཚོགས་ནས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཕྱིར་སྐྱེལ་ཆིངས་ཡིག་དེ་ལས་ཕྱོགས་གཅིག་གིས་རྒྱལ་ཁབ་རང་གི་སྤྱི་དམངས་ཀྱིས་རྒྱལ་ཁབ་གཞན་པའི་མངའ་ཁོངས་སུ་རྒྱལ་ཁབ་རང་གི་སྲིད་དབང་རྩ་རྫོགས་བྱེད་པའི་བྱ་འགུལ་སྤེལ་བ་ཐག་གཅོད་བྱེད་པར་བཅའ་ཁྲིམས་ཀྱི་སྒྲོམ་གཞི་འདོན་སྤྲོད་བྱས་ཡོད། མཐོ་རིམ་གྲོས་ཚོགས་ནས་རུ་ཝང་ཏཱ་ཕྱོགས་ཀྱིས་བཏོན་པའི་རུ་ཝང་ཏཱའི་སྲིད་དབང་དགྲ་རུ་འཛིན་པའི་སྟོབས་ཤུགས་ཀྱིས་ཝུ་ཀན་ཏཱའི་མངའ་ཁོངས་སུ་བྱ་འགུལ་སྣ་ཚོགས་སྤེལ་བར་སྐྱོན་འཛུགས་བྱས་པ་དེར་ཝུ་ཀན་ཏཱ་ཕྱོགས་ཀྱིས་ཟླ་ངོ་གཅིག་གི་ནང་དཔྱད་ཞིབ་ནན་མོ་བྱས་ཏེ། རིགས་དེ་རིགས་མཚུངས་ཀྱི་བྱ་འགུལ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་གྲོས་གཞི་བཏོན།
སྤྱི་སྒྲོག་ལས་བཤད་རྒྱུར། གལ་ཏེ་གོང་སྨྲས་གྲོས་གཞི་དེ་དངོས་འབེབས་བྱས་ན། རྒྱལ་ཁབ་བཞི་ཡིས་ཉིན་བཅོ་ལྔའི་ནང་ཡང་བསྐྱར་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། ཝུ་ཀན་ཏཱ་དང་རུ་ཝང་ཏཱ་རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་ཀྱི་འགྲོ་འོང་སླར་གསོ་བྱེད་ཐུབ་པ་དང་། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་ཐུབ་ཟེར།