ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཁྱབ་ཁོངས་སོ་སོ་ནས་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས། ལེ་པཱ་ནུན་གྱི་གྲོས་དཔོན་པེ་ལི་དང་དབྱི་ལིང་གི་གྲོས་དཔོན་ལཱ་ལི་ཅཱ་ནེ་གཉིས་ཀྱིས་གྲོས་མོལ་བྱས། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་དབྱི་ལིང་གི་གྲོས་དཔོན་ལཱ་ལི་ཅཱ་ནེ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་ལིང་གིས་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བའི་བར་མཉམ་ལས་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། ཁྱབ་ཁོངས་སོ་སོ་ནས་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། 

ལཱ་ལི་ཅཱ་ནེ་ཡིས་ཉིན་དེར་ལེ་པཱ་ནུན་དུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་དང་ལེ་པཱ་ནུན་གྱི་དཔོན་རིགས་ཀྱིས་ལེ་པཱ་ནུན་གྱི་བཟོ་ལས་དང་ཞིང་ལས་སོགས་ཁྱབ་ཁོངས་ནས་རྒྱབ་སྐྱོར་དང་རོགས་རམ་བྱེད་པར་གྲོས་བསྡུར་བྱས་པ་དང་། ལེ་པཱ་ནུན་ལ་གློག་ཤུགས་དང་སྨན་བཅོས། སློབ་གསོ་བཅས་ཁྱབ་ཁོངས་ནས་དབྱི་ལིང་གི་ཉམས་མྱོང་ལས་ཁེ་ཕན་ཐོབ་ཐུབ་ཟེར། 

ལཱ་ལི་ཅཱ་ནེ་ཡིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་ནི་འཇིགས་སྐུལ་རྩ་འཛུགས་མིན་པ་དང་། ཀྲིན་ཀྲུའུ་ཏང་གིས་ལེ་པཱ་ནུན་ལ་དབྱི་སི་རལ་གྱི་འཇབ་རྒོལ་མི་ཐེབས་པར་སྲུང་སྐྱོབ་བྱེད་པ་རེད་ཟེར། 

ལཱ་ལི་ཅཱ་ནེ་ཡིས་སི་རི་ཡཱའི་འཚམས་འདྲི་མཇུག་རྫོགས་རྗེས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ལེ་པཱ་ནུན་དུ་འབྱོར་ནས་དུས་ཡུན་གཉིས་ཀྱི་འཚམས་འདྲི་མགོ་བརྩམས་པ་རེད། ཚེས་བཅུ་བདུན་ཉིན། ཁོས་སོ་སོར་ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་དང་གྲོས་དཔོན་པེ་ལི། གསར་དུ་འགན་ཁུར་བའི་ཙུང་ལི་ཏིས་ཡཱ་པུའུ་བཅས་དང་གྲོས་མོལ་བྱས། གླེང་གཞི་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་སོགས་ལ་འབྲེལ་ཡོད། 

ལཱ་ལི་ཅཱ་ནེ་ནི་ལེ་པཱ་ནུན་གྱི་སྐབས་གསར་བའི་སྲིད་གཞུང་ལ་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་གྲོས་ཁང་ཡིད་ཆེས་འདེམ་ཤོག་ཐོབ་རྗེས་ལེ་པཱ་ནུན་དུ་འཚམས་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་མཐོ་རིམ་དཔོན་པོ་ཐོག་མ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།