ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱི་དང་རྒྱལ་ཁབ་སོ་སོའི་ན་གཞོན་རྩ་འཛུགས་ཀྱིས་ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་གང་ལེགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱའི་ན་གཞོན་ལས་འཛིན་ལྷན་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ན་གཞོན་ཨུ་ཡོན་ལྷན་ཁང་སོགས་རྒྱལ་སྤྱིའི་ན་གཞོན་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ན་གཞོན་ཆེད་མངག་ཕོ་ཉ། འཇར་པན་དང་དབྱིན་ཇི། ཨ་མེ་རི་ཁ། རྒྱ་གར། ཨ་ཀིན་ཐེན་སོགས་རྒྱལ་ཁབ་ཀྱི་ན་གཞོན་རྩ་འཛུགས་བཅས་ཀྱིས་ཉེ་སྔོན་ལང་ལོང་སྒོས་གློག་འཕྲིན་གཏོང་བ་དང་བརྙན་རིས་ཀྱི་ཐབས་ལ་བརྟེན་ནས། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་འབད་བརྩོན་བྱས་པར་གཟེངས་བསྟོད་དང་རྒྱབ་སྐྱོར་གང་ལེགས་བྱས་པར་མ་ཟད། རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལོན་པའི་ཆེད་དུ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ན་གཞོན་ཆེད་མངག་ཕོ་ཉ་ཝེ་ཁི་ལཱ་མཱ་ནཱ་ཡཱ་ཁི་ཡིས་ཀྲུང་གོའི་གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ལ་འཕྲིན་ཡིག་བཏང་སྟེ། ཀྲུང་གོའི་ན་གཞོན་དག་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་སྐབས་སུ་མངོན་པར་བྱས་པའི་འགན་འཁྲིའི་འདུ་ཤེས་དང་ནུས་པར་གཟེངས་བསྟོད་ཆེན་པོ་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་ན་གཞོན་དག་གིས་ཀྲུང་གོའི་ན་གཞོན་དང་མཉམ་དུ་འགུལ་སྐྱོད་སྤེལ་ནས་མཉམ་དུ་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལེན་དགོས་པའི་འབོད་སྐུལ་བཏང་། 

ཧྲང་ཧེ་མཉམ་ལས་རྩ་འཛུགས་ན་གཞོན་ཨུ་ཡོན་ལྷན་ཁང་གི་རེས་སྐོར་ཀྲུའུ་ཞི། ཨུ་རུ་སིའི་གྲོས་ཁང་ཞོལ་མའི་གྲོས་མི་ཁི་ལཱ་ཧྥུའུ་ཆིན་ཁི་ཡིས་བརྙན་རིས་བརྒྱུད་དེ། ང་ཚོས་ཀྲུང་གོའི་སྲིད་གཞུང་གིས་སྤྱད་པའི་བྱེད་ཐབས་དང་རྒྱལ་སྤྱིའི་བར་མཉམ་ལས་ཀྱི་རྣམ་འགྱུར་བཟུང་བར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར། 

ཨེ་ཤ་ཡཱའི་ན་གཞོན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཁམ་ཕུ་ཀྲེའི་རྒྱལ་ཚོགས་ཀྱི་གྲོས་མི་ཧོང་མཱ་ནེ་ཡིས་དྲ་ཚིགས་བརྒྱུད་དེ། ཁོངས་གཏོགས་རྩ་འཛུགས་ཉི་ཤུའི་ཚབ་བྱས་ཏེ་ཀྲུང་གོའི་ན་གཞོན་དང་རྒྱལ་ཡོངས་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། ཁོས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དང་བླངས་པའི་རྩ་འཛུགས་དང་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་ན་གཞོན་ལས་འཛིན་ལྷན་ཚོགས། དར་གོས་ཚོང་ལམ་རྒྱལ་སྤྱིའི་ན་གཞོན་མན་འབྲེལ་སོགས་དང་། འཇར་པན། དབྱིན་ཇི། ཨ་མེ་རི་ཁ། རྒྱ་གར། ཨ་ཀིན་ཐེན་སོགས་རྒྱལ་ཁབ་ཀྱི་ན་གཞོན་རྩ་འཛུགས་བཅས་ཀྱིས་ཀྱང་ལང་ལོང་སྒོས་གློག་འཕྲིན་དང་བརྙན་རིས་བསྐུར་བ་དང་། བྱ་འགུལ་སྤེལ་ཏེ་རིམས་ནད་འགོག་བཅོས་ཀྱི་ལས་ལ་རྩེ་གཅིག་ཏུ་གཞོལ་བའི་ཀྲུང་གོའི་མི་དམངས་དང་མཉམ་དུ་འབད་བརྩོན་བྱས་ནས་དཀའ་ཁག་ལས་མཉམ་སྒྲོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། 

བསྟུན་མར་ཉིན་འགའི་རིང་ལ་རྒྱལ་ཁབ་སོ་སོའི་ན་གཞོན་གྱིས་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་ཀྲུང་གོའི་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་བྱས། རྒྱ་གར་དང་ཐུར་ཁེ། ཧྥེ་ལེ་པེན་སོགས་རྒྱལ་ཁབ་ཀྱི་ན་གཞོན་རྩ་འཛུགས་ཀྱི་ཁོངས་མིས་ཀྲུང་གོའི་ས་གནས་རྩ་འཛུགས་དང་སྡེ་ཁག་བར་མཐུན་སྦྱོར་བྱས་ཏེ་འགོག་སྲུང་ལྭ་བ་དང་ཁ་ཐུམ་གྱི་ཐོན་སྐྱེད་ཐད་ནས་རོགས་རམ་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།