ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་ཁ་པར་བཏང་སྟེ། སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བའི་གནས་ཚུལ་འོག་ཏུ། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་སི་རི་ཡཱའི་ཉམས་ཉེན་མཐུན་སྦྱོར་ཐད་ཀྱི་ཕྱོགས་སོ་སོའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྔར་ལས་འབྲེལ་འདྲིས་མང་དུ་བྱེད་རྒྱུའི་གྲོས་ཐག་བཅད། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་གཉིས་ཉིན་གྲོས་ཁང་གི་གྲོས་ཚོགས་སྟེང་བཤད་རྒྱུར། གལ་ཏེ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་ལྟ་ཞིབ་བྱེད་ས་སོགས་ཀྱི་ཐུར་ཁེའི་དམག་མིར་ཡང་བསྐྱར་འཇབ་རྒོལ་ཐེབས་ན། ཐུར་ཁེ་ཕྱོགས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོར་ཨུ་རུ་སི་དང་མཉམ་དུ་སོ་ཆི་ནས་བཀོད་པའི་གྲོས་མཐུན་སྣང་མེད་དུ་བསྐྱུར་ནས། སི་རི་ཡཱའི་ས་གནས་གང་རུང་ནས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་ས་ངོས་དང་ཡང་ན་བར་སྣང་ནས་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཐུར་ཁེའི་དམག་ཕྱོགས་ཀྱིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཟླ་གཉིས་པའི་ཟླ་མཇུག་གི་སྔོན་ལ་ཐུར་ཁེ་ཡིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་བཙུགས་པའི་ལྟ་ཞིབ་བྱེད་སའི་ཉེ་འདབས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།