ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་འདྲ་མཉམ་གྱི་རྨང་གཞིའི་སྟེང་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཨུ་རུ་སི་ཡིས་འདྲ་མཉམ་གྱི་རྨང་གཞིའི་སྟེང་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་ཟེར། 

ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་ཕྱོགས་མང་བོ་ནས་གྲོས་མོལ་དང་མཉམ་ལས་བྱེད་པར་ཁས་ལེན་མི་བྱེད་པ་དང་། ཨུ་རུ་སིའི་འདོད་བློ་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན་ཟེར། 

ཁོས་བཤད་རྒྱུར། མིག་སྔར་ཨ་མེ་རི་ཁ་རྒྱལ་ནང་གི་ཆབ་སྲིད་པ་མང་བོས་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་གཏམ་བཤད་སྤེལ་ཏེ་ཆབ་སྲིད་ཀྱི་ཁེ་ཕན་ཧམ་ཐོབ་བྱེད་བཞིན་ཡོད། དེ་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕན་ཐོགས་མེད། གནད་དོན་དེ་ཐག་གཅོད་མ་བྱས་ན་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དེའང་ཡང་དག་པའི་ལམ་དུ་ཞུགས་ཐབས་མེད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བར་འདོད་པའི་འཆར་གཞི་གང་ཡིན་ཡང་ནུས་པ་ཐོན་མི་སྲིད་པ་གསལ་བོར་ངེས་དགོས་ཟེར། 

སི་རི་ཡཱའི་གནད་དོན་གླེང་སྐབས་ལི་པུའུ་ཡཱ་ཁི་ཧྥུའུ་ཡིས་བསྟན་དོན། འཛམ་གླིང་སྟེང་གི་གནད་དོན་མང་བོའི་ཐག་གཅོད་དེ་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་གྱི་ཁྱབ་ཁོངས་སོ་སོའི་ནུས་ལྡན་གྲོས་མོལ་རྐྱེན་སྲོལ་དང་འབྲལ་ཐབས་མེད། ཨུ་རུ་སི་དང་ཨ་མེ་རི་ཁས་ནམ་རྒྱུན་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད་ཅིང་། མིག་སྔར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བའི་གནས་ཚུལ་འོག་གྲོས་མོལ་རྐྱེན་སྲོལ་དེ་སྔར་བཞིན་མཚམས་ཆད་མེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།