ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་བསྐུར་ནས། བྱང་ཤར་སློབ་ཆེན་བཙུགས་ནས་ལོ་བརྒྱ་འཁོར་བའི་སྐབས་དང་བསྟུན་ཏེ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་པ་དང་རྒྱ་ཆེའི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པར་མ་ཟད། ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་འཕྲིན་ལན་ལས་བྱང་ཤར་སློབ་ཆེན་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་དར་རྒྱས་གཏོང་རྒྱུ་ལས་འགན་གལ་ཆེན་དུ་བརྩིས་ཏེ། སློབ་སྒྲུབ་ཀྱི་ཁྱད་ཆོས་མངོན་གསལ་ཅན་གྲུབ་པ་དང་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ནས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་བྱང་ཤར་སློབ་ཆེན་གྱིས་མགོ་རྩོམ་ས་གསར་བའི་སྟེང་དུ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། རྒྱལ་གཅེས་རིང་ལུགས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མུ་མཐུད་དུ་བཅོས་སྒྱུར་གསར་གཏོད་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་བྱང་ཚད་མཐོ་བའི་འཇོན་མི་གསོ་སྐྱོང་བྱེད་པ། དགེ་མཚན་ཆེ་བའི་རིག་ཚན་བསྐྲུན་པ། ཆུ་ཚད་མཐོ་བའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཟམ་མི་ཆད་པར་འདོན་པ་བཅས་བྱས་ཏེ། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་བ་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།
བྱང་ཤར་སློབ་ཆེན་ནི1923ལོར་བཙུགས་པ་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན། སློབ་གྲྭ་འདིས་འཇོན་མི་གསོ་སྐྱོང་དང་ཚན་རྩལ་གསར་སྐྲུན་སོགས་ཀྱི་ཐད་ནས་དགེ་མཚན་ལྡན་པའི་བྱེད་ནུས་བཏོན་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་བྱང་ཤར་དར་སྤེལ་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཉེ་ལམ། བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ལོ་བརྒྱའི་རིང་གི་སློབ་སྒྲུབ་ཉམས་མྱོང་སྙན་ཞུ་བྱས་པ་དང་། དུས་རབས་གསར་པར་བྱང་ཤར་ཕྱོགས་ཡོངས་དར་རྒྱས་གོང་འཕེལ་འགྲོ་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། རྒྱལ་ཁབ་འཛུགས་སྐྲུན་དང་ཕ་ཡུལ་ལ་དྲིན་ལན་འཇལ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པར་བསྟན། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཞི་ཅིན་ཕིང་གིས་བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་བསྐུར།