ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས14ཉིན་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། བྱང་ཕྱོགས་ས་ཁུལ་གྱི་གནོད་སྐྱོན་ཚབས་ཆེན་ཡིན་པ་དང་དགུན་ཚུགས་པ་སྔ་བའི་དོན་དངོས་ལ་དམིགས་ཏེ། འཕྲལ་བསྟུན་དོ་དམ་པུའུ་ཡིས་ནོར་སྲིད་པུའུ་དང་མཉམ་དུ་སྔ་མོ་ནས་ཇུས་འགོད་བྱས་ཏེ། 2023ལོ་ནས2024ལོའི་བར་གྱི་དགུན་དཔྱིད་རོགས་སྐྱོར་ལས་དོན་སྤེལ་བར་བཀོད་སྒྲིག་བྱས་པ་དང་། དུས་ཡུན་ལོ་སྔོན་མ་དག་ལས་ཚད་མཐོན་པོས་སྔུན་དུ་བསྣུར་ཡོད།
ད་ལོའི་ཚུན་ནས་བཟུང་། རང་རྒྱལ་གྱི་རང་བྱུང་གནོད་སྐྱོན་གནས་བབ་ཧ་ཅང་ཛ་དྲག་དང་རྙོག་འཛིང་ཡིན། ལྷག་པར་དུ་ཆར་ཆུའི་དུས་སྐབས་སླེབས་པའི་ཚུན། ཅིན་ཅུན་དབྱི་དང་ཤར་བྱང་ས་ཁུལ་དུ་དྲག་ཆར་གྱི་གནོད་སྐྱོན་ཐེབས་ཤིང་། གནོད་ཕྱིའི་རོགས་སྐྱོར་དང་སླར་གསོའི་ལས་འགན་ཧ་ཅང་ལྕི་བ་ཡིན། འཕྲལ་བསྟུན་དོ་དམ་པུའུ་དང་ནོར་སྲིད་པུའུ་ཡིས་ཉེ་སྔོན2023ལོ་ནས2024ལོའི་བར་གྱི་རྒྱལ་ཡོངས་གནོད་ཐེབས་མང་ཚོགས་ཀྱི་དགུན་དཔྱིད་རོགས་སྐྱོར་ལས་དོན་སྤེལ་བར་རྩ་འཛུགས་བྱེད་པའི་སྐོར་གྱི་བརྡ་སྦྱོར་བཏང་ནས་བསྟན་དོན། དགུན་དཔྱིད་རོགས་སྐྱོར་ནི་དམངས་འཚོའི་ཚད་མཐའ་བརྟན་སྲུང་དང་གནོད་སྐྱོན་ལས་སླར་ཡང་དབུལ་ལོག་སྔོན་འགོག་བྱེད་པའི་དམངས་འཚོའི་བཟོ་འགོད་དང་དམངས་སེམས་བཟོ་འགོད་གལ་ཆེན་ཞིག་ཡིན། ཕྱོགས་སོ་སོས་སྲིད་ཇུས་ལྟར་ཚན་རིག་དང་མཐུན་པར་བྱ་བའི་ཇུས་གཞི་གཏན་འཁེལ་བྱེད་དགོས་པ་དང་། ལྷག་པར་དུ་བྱང་ཕྱོགས་ས་ཁུལ་ཁ་ཤས་སུ། ཁང་བ་བརྡིབ་པ་ཞིག་གསོ་དང་དགུན་དཔྱིད་རོགས་སྐྱོར་ལས་འགན་གཉིས་གཅིག་ཏུ་ཁེལ་ཡོད་པར་བརྟེན། རོགས་སྐྱོར་གཙོ་གཞིའི་འགན་འཁྲི་གཟབ་ནན་དུ་བཏང་ནས། སྔ་མོ་ནས་ཇུས་འགོད་དང་མགྱོགས་མྱུར་ངང་འགུལ་སྐྱོད་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དུས་ཚིགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས།
བརྡ་སྦྱོར་ལས། མགྱོགས་མྱུར་ངང་གྲལ་བཤེར་བྱས་ཏེ། རོགས་སྐྱོར་བྱ་ཡུལ་མི་སྣའི་གནས་ཚུལ་གྱི་བརྟག་བཤེར་དང་སྡོམ་རྩིས། ཕྱོགས་བསྡོམས། དཔྱད་འཇོག ཞིབ་བཤེར་དང་སྙན་ཞུ་སོགས་ཀྱི་ལས་དོན་ལེགས་པོར་སྒྲུབ་དགོས་ལ། དགུན་དཔྱིད་རོགས་སྐྱོར་བྱ་ཡུལ་གནད་འཁེལ་ངང་གཏན་འཁེལ་བྱེད་དགོས། རིམ་བཀར་རིགས་དབྱེ་སྒོས་རོགས་སྐྱོར་མི་སྣའི་མིང་ཐོ་བཙུགས་ནས་རོགས་སྐྱོར་ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དམིགས་བསལ་ཁྱུ་ཚོགས་ཀྱི་རོགས་སྐྱོར་དགོས་མཁོར་གཙོ་གནད་ཐོག་དོ་སྣང་བྱེད་དགོས། ནན་ཏན་སྒོས་ནོར་སྲིད་ཐད་གཏོང་མ་དངུལ་གྱི་འབྲེལ་ཡོད་བླང་བྱར་གཞིགས་ཏེ། རོགས་སྐྱོར་མ་དངུལ་ཐད་ཀར་དུ་གཞི་རིམ་དུ་གཏོང་བར་ཁག་ཐེག་བྱེད་དགོས་པ་མ་ཟད། ལོ་སར་སྔོན་དུ་ཚང་མ་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་སྟེར་དགོས་པའི་བླང་བྱ་བཏོན།
གཞན་ཡང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་ལས་དོན་ཚན་ཆུང་མངགས་ཏེ། ཅིན་ཅུན་དབྱི་དང་ཧེ་ལུང་ཅང་། ཅི་ལིན་སོགས་ཡུལ་དངོས་སུ་ཁང་བ་བརྡིབ་པའི་ཞིག་གསོའི་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། དགུན་དཔྱིད་རོགས་སྐྱོར་བྱ་ཡུལ་གྱི་མཐིལ་བཤེར་དང་བར་བརྒལ་དུས་སྐབས་ཀྱི་རོགས་སྐྱོར་སོགས་ཀྱི་ལས་དོན་སྤྱི་འདོམས་མཛུབ་སྟོན་གནང་། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
འཕྲལ་བསྟུན་དོ་དམ་པུའུ་དང་ནོར་སྲིད་པུའུ་ཡིས་སྔ་མོ་ནས་རྒྱལ་ཡོངས་གནོད་ཐེབས་མང་ཚོགས་ཀྱི་དགུན་དཔྱིད་རོགས་སྐྱོར་ལས་དོན་ལ་བཀོད་སྒྲིག་བྱས་པ།