ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས14ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིན་དུ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལའོ་ལ་ཐུག་འཕྲད་གནང་།
པར་འདི་ནི་ཟླ9པའི་ཚེས14ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིན་དུ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལའོ་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།
ཀྲའོ་ལི་ཅི་ཡིས། ཀྲུང་ཝེའི་འབྲེལ་བར་དུས་རབས་ཕྱེད་ཀ་རིང་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་འཕྲད་པ་དང་ཆར་རླུང་ལ་མི་སྐྲག་ཅིང་འགྱུར་མེད་བྲག་རྡོ་ལྟར་གྱུར་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་རྣམ་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་ཝེའི་འབྲེལ་བ་དེ་དུས་ཀུན་ཅན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོ་བྱ་རྒྱུའི་ཁྱབ་བསྒྲགས་གནང་། འདི་ནི་ཀྲུང་ཝེའི་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མཐོ་བའི་མཚོན་ཚུལ་ཡིན་ལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་པ་མ་ཟད། ང་ཚོས་ལག་གདང་མཉམ་སྦྲེལ་སྒོས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་གཏོད་པར་ཆོད་སེམས་བརྟན་པོ་ཡོད་པ་མཚོན་ཡོད། ཀྲའོ་ལི་ཅི་ཡིས་ཀྲུང་གོའི་དབུལ་ཐར་འགག་སྒྲོལ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་མཉམ་དུ་རིམ་པ་ཁག་དང་ཁྱབ་ཁོངས་ཁག་བར་འགྲོ་འོང་དམ་ཟབ་བྱས་ནས་ཁྲིམས་བཟོའི་ཉམས་མྱོང་བརྗེ་རེས་དང་། ཀྲུང་ཝེ་བར་གྱི་མཛའ་བཤེས་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
མ་ཏུའུ་ལུའོ་ཡིས། ཐེངས་འདིའི་འཚམས་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་ལ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རྣམས་དོན་འཁྱོལ་བྱས་ནས་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཝེ་ཀྲུང་བར་གྱི་དུས་ཀུན་ཅན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན།
ཞའོ་ཅེ་ཐུག་འཕྲད་ལ་ཞུགས། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ཀྲའོ་ལི་ཅི་ཡིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལའོ་ལ་ཐུག་འཕྲད་གནང་བ།