ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གཉིས་ཀྱིས《རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད》ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆུ་བེད་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚེས1ཉིན་མཉམ་འབྲེལ་སྒོས《རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད》ལག་བསྟར་དོན་འཁྱོལ་བྱེད་པའི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཆུ་བེད་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན་ཁོང་དུ་ཆུད་པར་བྱས་ནས། མ་ལག་ཆ་ཚང་དང་བདེ་འཇགས་ཡིད་རྟོན་རུང་བ། ལེགས་བསྡུས་ནུས་མཐོ། ལྗང་མདོག་རིག་ནུས། འཁོར་རྒྱུག་ཤར་གཏོང་། ཚོད་འཛིན་གོ་རིམ་ལྡན་པ་བཅས་ཀྱི་རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་སྟེང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད》དཔར་འགྲེམ་བྱས་པ་དེ་ནི་རང་རྒྱལ་གྱི་ཆུ་བེད་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པའི་དོན་ཆེན་ཞིག་ཡིན་པས། “ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས་ཡོང་བ། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་པོས་ཤུགས་སྣོན་པ”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་བྱེད་ཕོད་པ་དང་ཏན་ཏིག་ངང་འགན་འཁུར་དགོས་པར་བསྟན། 

ཚོགས་འདུའི་སྟེང་དྲ་སྦྲེལ་དང་། དྲ་བ་ཁ་གསབ། འབྲེལ་ཐག་བཅས་གཙོ་གནད་དུ་བྱས་ཏེ་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་ཆས་དང་གྲུབ་ཆ། བྱེད་ནུས། མ་ལག་བཅས་གཅིག་བསྡུས་ངང་ཇེ་ལེགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་ཆུ་དྲའི“རྩ་གནད”བསྐྲུན་པ་དང་། རྒྱལ་ཁབ་ཀྱི་ཆུ་དྲའི་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་ཆུ་འབྲེལ་དྲ་བ་སྲ་བརྟན་དུ་གཏོང་བ། གྲངས་འཛིན་ཆུ་སྐྱེ་དྲ་བ་སྐྲུན་པ། ཞོད་ཐན་གྱི་གནོད་འཚེ་སྔོན་འགོག་ནུས་པ་དང་། ཆུའི་ཐོན་ཁུངས་ལེགས་བསྡུས་གྲོན་ཆུང་བེད་སྤྱོད་ནུས་པ། ཆུའི་ཐོན་ཁུངས་ལེགས་སྒྲིག་བཀོད་གཏོང་ནུས་པ། གཙང་བོ་དང་ཆུ་བོ་ཆེན་པོའི་སྲུང་སྐྱོང་བཅོས་སྐྱོང་ནུས་པ་བཅས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་ལ་སྐུལ་འདེད་གཏོང་བར་ཆུའི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས་པར་ནན་གྱིས་བསྟན།

ཚོགས་འདུའི་སྟེང་ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ནས། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཕྱོགས་ཡོངས་ནས་སྐུལ་སློང་དང་། སྤྱི་འདོམས་སྐུལ་འདེད། མཉམ་ཤུགས་འགག་སྒྲོལ་བཅས་བྱས་ཏེ་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས། 《རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད》ཁྲོད་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་སོ་སོ་དུས་བཀག་ལྟར་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། 

ཟླ5བའི་ཚེས25ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔར་འགྲེམ་བྱས་པའི《རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད》ཁྱབ་བསྒྲགས་བྱས་ནས་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན། འཆར་འགོད་རྩ་གནད་ཁྲོད2035ལོར་བསླེབ་སྐབས་རྒྱལ་ཁབ་ཀྱི་ཆུའི་དྲ་བའི་སྤྱིའི་རྣམ་པ་ཞིག་ཕལ་ཆེར་གྲུབ་པ་དང་། རྒྱལ་ཁབ་ཀྱི་ཆུའི་དྲ་བའི་སྒྲོམ་གཞི་གཙོ་བོ་རིམ་གྱིས་བསྐྲུན་རྒྱུ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ཆུའི་དྲ་བ་གཞི་རྩའི་ཆ་ནས་འཐུས་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ་དང་འཚམ་པའི་རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་འགན་སྲུང་མ་ལག་ཅིག་བསྐྲུན་རྒྱུ་ཡིན་པར་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།