ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་རྒྱལ་ཡོངས་མཐོ་རྒྱུགས་ལ་ཐོ་འགོད་བྱས་པའི་སློབ་མ་ཁྲི1291ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས1ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2023ལོའི་རྒྱལ་ཡོངས་མཐོ་རྒྱུགས་ལ་ཐོ་འགོད་བྱས་པའི་སློབ་མ་ཁྲི1291ལ་སླེབས་པ་དང་། ན་ནིང་ལས་སློབ་མ་ཁྲི98ཇེ་མང་དུ་སོང་ཡོད། སློབ་གསོ་པུའུ་ཡིས་རྒྱལ་ཁབ་སློབ་གསོ་གཅིག་གྱུར་ཡིག་རྒྱུགས་བྱ་བའི་པུའུ་བར་གྱི་མཉམ་འབྲེལ་ཚོགས་འདུའི་ཁོངས་མི་ལས་ཁུངས་དང་ལྷན་དུ། གཅིག་གྱུར་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ས་ཁུལ་སོ་སོས་ཡིག་རྒྱུགས་རྩ་འཛུགས་དང་རྒྱུགས་ལེན་སློབ་མའི་ཞབས་ཞུའི་ལས་དོན་ལེགས་པོར་སྒྲུབ་པ་དང་། ཤུགས་ཆེན་པོས་བདེ་འཇགས་མཐོ་རྒྱུགས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་མཛུབ་སྟོན་གནང་།

ཡིག་རྒྱུགས་གཡོ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་ཆེད། སློབ་གསོ་པུའུ་ཡིས་སྤྱི་བདེ་པུའུ་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་གཡོ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་སྤེལ་ཏེ། ལག་འཁྱེར་ཁ་པར་གྱི་གཡོ་སྤྱོད་འགོག་ཟོན་བྱེད་པ་དེ་འགངས་ཆེན་དུ་བརྩིས་ནས། བྱེད་ཐབས་སྣ་མང་མཉམ་སྤྱོད་དང་ཕྱོགས་བསྡུས་ཇུས་བསྟར་སྒོས། ས་ཁུལ་སོ་སོས་མིས་འགོག་ཟོན་དང་དངོས་པོའི་འགོག་ཟོན། ལག་རྩལ་འགོག་ཟོན་སོགས་ཀྱི་བྱེད་ཐབས་ལ་ཤུགས་བསྣན་ཏེ། རྒྱུགས་རར་ཞུགས་སྐབས་ཀྱི་བདེ་འཇགས་ཞིབ་བཤེར་ཚད་གཞི་གཟབ་ནན་དུ་གཏོང་བ་དང་། ཡིག་རྒྱུགས་ཀྱི་ལྟ་བཤེར་བསྐོར་ཞིབ་ལ་ཤུགས་བསྣན་ནས་ཁ་པར་སོགས་བརྡ་འཕྲིན་སྒྲིག་ཆས་ཀྱི་གཡོ་སྤྱོད་བྱ་འགུལ་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་རེད། མཐོ་རྒྱུགས་ཁྲོད་གཡོ་སྤྱོད་བྱ་སྤྱོད་ཡོད་པའི་སློབ་མ་དང་མི་སྣར་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཆད་པ་ནན་མོ་བཅད་དེ་མཐོ་རྒྱུགས་ཀྱི་འདྲ་མཉམ་དྲང་སྙོམས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་རེད།

དུས་མཚུངས་སུ། སློབ་གསོ་པུའུ་ཡིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་རིམས་ནད་འགོག་སྡོམ་ཅུའུ་སོགས་སྡེ་ཁག་དང་ལྷན་དུ། ས་ཁུལ་སོ་སོས་ཉམས་མྱོང་དང་བྱེད་ཐབས་སྤྱི་བསྡོམས་བྱས་ཏེ་ཚན་རིག་ལྟར་གནད་འཁེལ་རིམས་འགོག་རྒྱུན་འཁྱོངས་དང་། རིགས་ཀ་པར་དོ་དམ་ཚོད་འཛིན་བྱེད་ཐབས་ཀ་པ་སྤྱོད་པ་སོགས་ཀྱི་བླང་བྱ་གནད་ཁེལ་ལག་བསྟར་བྱས་ནས། འཆར་འགོད་ཇུས་གཞི་འཐུས་ཚང་དུ་བཏང་སྟེ། རྒྱུགས་ལེན་སློབ་མའི་གནས་ཚུལ་མི་འདྲ་བར་གཞིགས་ཏེ་རྒྱུགས་ར་འཛུགས་པ་དང་། གྲ་སྒྲིག་རྒྱུགས་ར་དང་ལས་བྱེད་མི་སྣ་འདང་ངེས་གྲ་སྒྲིག་བྱས་ནས་རྒྱུགས་ལེན་སློབ་མ་དང་ལས་བྱེད་མི་སྣའི་ལུས་ཕུང་བདེ་ཐང་བརྟག་བཤེར་ལེགས་པོར་སྒྲུབ་པ་དང་། རིམས་འགོག་བྱེད་ཐབས་ཞིབ་ཕྲ་བཟོས་ནས་དུས་ལྟར་ཡིག་རྒྱུགས་ཀྱི་རིམས་འགོག་བླང་བྱ་ཁྱབ་བསྒྲགས་བྱེད་རྒྱུ་རེད།

སློབ་གསོ་པུའུ་ཡིས་ད་རུང་རྒྱལ་ཁབ་སློབ་གསོ་གཅིག་གྱུར་རྒྱུགས་ལེན་བྱ་བའི་པུའུ་བར་གྱི་མཉམ་འབྲེལ་ཚོགས་འདུའི་ཁོངས་མི་ལས་ཁུངས་དང་ལྷན་དུ། མུ་མཐུད་དུ2023ལོའི་མཐོ་རྒྱུགས་སྲུང་སྐྱོབ་བྱ་འགུལ་སྤེལ་རེ། ས་ཁུལ་སོ་སོས་གཅིག་བསྡུས་སྒོས་དྲ་ཐོག་གི་རྒྱུགས་ལེན་དང་འབྲེལ་བའི་སྤྱི་སྟེགས་རྩིས་ཐོ་གཙང་སེལ་བྱེད་པ་དང་། དབང་གྲགས་ལྡན་པའི་རྒྱུགས་ལེན་སློབ་བསྡུའི་ལས་ཁུངས་ཀྱི་གཞུང་ཕྱོགས་དྲ་བའི་མཚོན་རྟགས་སྟོན་པ་སོགས་ཀྱི་ཆེད་དམིགས་བྱ་འགུལ་མང་པོ་སྤེལ་ནས། ཧུར་ཐག་གིས་ཡིག་རྒྱུགས་ལེན་པའི་ཁོར་ཡུག་ལེགས་པོ་གསར་སྐྲུན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།