ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིན་ཡུས་དབྱིན་སློབ་གྲྭར་རྟོག་ཞིབ་གནང་སྐབས་ཀུན་སྤྱོད་དང་ཤེས་རིག མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་བའི་བྱིས་པ་བཟང་པོ་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་པེ་ཅིན་ཡུས་དབྱིན་སློབ་གྲྭར་རྟོག་ཞིབ་གནང་སྐབས་ཀུན་སྤྱོད་དང་ཤེས་རིག མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་བའི་བྱིས་པ་བཟང་པོ་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས་པར་ནན་གྱིས་བསྟན་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་ཆུང་བྱིས་པ་རྣམས་ལ་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས། ཚའེ་ཆི་དང་ཏིན་ཞུའེ་ཞང་གིས་རྟོག་ཞིབ་ལ་འགྲོ་རོགས་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ5བའི་ཚེས31ཉིན་གྱི་སྔ་དྲོར་པེ་ཅིན་ཡུས་དབྱིན་སློབ་གྲྭར་ཕེབས་ཏེ། དགེ་སློབ་རྣམས་ལ་འཚམས་འདྲི་མཛད་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་ཆུང་བྱིས་པ་དག་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་ཆུང་བྱིས་པ་ནི་མེས་རྒྱལ་ཀྱི་མ་འོངས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡིན། དུས་རབས་གསར་བའི་ཀྲུང་གོའི་བྱིས་པར་ཕུགས་འདུན་དང་འདོད་མོས་ཡོད་དགོས་ཤིང་། སློབ་སྦྱོང་ལ་དགའ་བ་དང་ངལ་རྩོལ་ལ་དགའ་བ། དྲིན་གཟོ་ཤེས་པ། མཛའ་མཐུན་བྱེད་མཁས་པ། གསར་གཏོད་དང་འབད་འཐབ་སྤོབས་པ། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་སོང་བའི་བྱིས་པ་བཟང་བོ་ཞིག་ཡིན་དགོས། སློབ་གྲོགས་ཚོས་ཕུགས་འདུན་བརྟན་པོས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་སློབ་སྦྱོང་བྱེད་པ་དང་། ཁྱིམ་བདག་གི་རེ་བ་སྟོང་ཟད་དུ་མི་གཏོང་ལ། ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཞེས་གསུངས།

1.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་མཉམ་དུ་གཟིགས་ཞིབ་བྱས།

པེ་ཅིན་ཡུས་དབྱིན་སློབ་གྲྭ་ནི1948ལོར་ཧི་པེ་ཞིང་ཆེན་གྱི་ཞི་པེ་ཕའོ་ནས་བཙུགས་པ་དང་། དེ་ནི་སྔོན་ཆད་ཀྱི་ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་མཁོ་འདོན་པུའུ་ཡི་ཡུས་དབྱིན་སློབ་ཆུང་ཡིན། ལོ་ངོ75རིང་ལ། སློབ་གྲྭ་དེས་རྒན་རབས་གསར་བརྗེ་པའི་ཐུགས་ཁུར་འོག ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། སྤྱོད་བརྟེན་མི་སྐྱོང་གི་གཞི་རྩའི་ལས་འགན་དངོས་འབེབས་བྱེད་པ་དང་། སློབ་སྦྱོང་ལམ་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། ཁྱད་ལྡན་སློབ་སྒྲུབ་བྱས་ནས་སློབ་མའི་ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས།

2.jpg

ཞི་ཅིན་ཕིང་སློབ་གྲྭ་ཕེབས་ཏེ་ཐོག་མར་སློབ་གྲྭའི་ལོ་རྒྱུས་ཁང་ནས་སློབ་གྲྭའི་ལོ་རྒྱུས་བརྒྱུད་རིམ་དང་། འཛུགས་སྐྲུན་འཕེལ་རྒྱས། ཉེ་བའི་ལོ་འགའི་རིང་སློབ་གསོ་དང་སློབ་ཁྲིད་ཀྱི་བཅོས་བསྒྱུར་གསར་གཏོད་ལ་སྐུལ་འདེད་བཏང་བ། ཁུར་བོ་གཉིས་ཇེ་མང་དུ་གཏོང་བའི་སྲིད་ཇུས་རེ་བ་དངོས་འབེབས་བྱེད་པ་དང་སློབ་མའི་ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།

3.jpg

4.jpg

ཞི་ཅིན་ཕིང་རྐང་ཐང་དུ་སློབ་རའི་ཁོར་ཡུག་ལ་གཟིགས་ཞིབ་མཛད།

དེའི་རྗེས་སུ་ཞི་ཅིན་ཕིང་སློབ་མའི་ཞིང་རར་ཡོང་། གནས་དེ་ནི་སློབ་མས་ཞིང་ལས་འདེབས་འཛུགས་བྱ་འགུལ་སྤེལ་སའི་ལག་ལེན་བྱེད་ས་ཡིན་ལ། ཉི་འོད་འོག་དང་ཞིང་ཚིགས་སུ། ལྗང་ཏིག་ཏིག་གི་སྔོ་ཚལ་གྱི་ལྗང་མྱུག་སྟར་ལ་བརྒྱུས་ནས་སྐྱེས་ཡོད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཤེས་བྱ་དང་གནས་ལུགས་མང་བོ་ངལ་རྩོལ་དང་འཚོ་བ་ལས་བྱུང་བ་ཡིན་ཞིང་། བྱིས་པ་ཚོར་སྣེ་ཁྲིད་བྱས་ཏེ་ངལ་རྩོལ་འདུ་ཤེས་ཆགས་སུ་འཇུག་པ་དང་། ངལ་རྩོལ་གོམས་སྲོལ་གསོ་སྐྱོང་བྱེད་པ། ངལ་རྩོལ་ནུས་པ་མཐོར་འདེགས་བྱས་ན། ཁོ་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཤེས་བྱ་སློབ་སྦྱོང་བྱེད་པར་ཕན་ཐོགས་ཡོད། སློབ་གྲོགས་ཚོས་ཞིང་ལས་སློབ་སྦྱོང་ཁྲོད་ནས་ཞིང་ལས་ཀྱི་དཀའ་སྡུག་དང་ཞིང་བའི་སྐྱིད་སྡུག་ཉམས་སུ་མྱོང་བ་དང་། ཆུང་དུས་ནས་ངལ་རྩོལ་ལ་དགའ་བ་དང་འབྲུ་རིགས་ལ་གཅེས་སྤྲས་བྱེད་པ། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པའི་གོམས་གཤིས་བཟང་བོ་ཆགས་སུ་བཅུག་སྟེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།

5.jpg

སློབ་གྲྭའི་ཐོས་བསམ་གླིང་ཉིས་ཐོག་གི་ཚན་རིག་སློབ་ཁང་ནང་དུ་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་གྲགས། ཞི་ཅིན་ཕིང་སློབ་ཁང་དུ་ཕེབས་པ་ན། དགེ་སློབ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་བཤད་རྒྱུར། ཁོ་ཚོས་སློབ་སྦྱོང་བྱས་པའི་དྲང་ཐིག་འགུལ་སྐྱོད་དང་འཁྱོག་ཐིག་འགུལ་སྐྱོད། གསེག་ངོས་འགུལ་སྐྱོད་སོགས་ཀྱི་ཤེས་བྱ་བེད་སྤྱད་དེ། སྒྲིག་ཤིང་བཀོལ་ནས་གཟར་བསྐྱོད་འཁོར་ལོའི་དཔེ་དབྱིབས་ཇུས་འགོད་བྱས་ནས་ཚོད་ལྟ་བྱེད་བཞིན་ཡོད་ཟེར། ཞི་ཅིན་ཕིང་གིས་བསྟན་དོན། ཚན་རིག་ཚོད་ལྟའི་སློབ་ཁྲིད་ནི་བྱིས་པའི་ཚན་རིག་བསམ་གཞིགས་དང་། མ་འོངས་འཚོལ་ཞིབ་ཀྱི་སྤྲོ་བ་དང་། གསར་གཏོད་འདུ་ཤེས་བཅས་སྐྱེད་སྲིང་བྱེད་པའི་ཐབས་ལམ་བཟང་བོ་ཞིག་ཡིན། སློབ་གྲོགས་རྣམས་ཀྱིས་ཆུང་དུས་ནས་ཚན་རྩལ་གསར་གཏོད་དང་རྒྱལ་དར་ང་ཡོད་ཀྱི་ཕུགས་འདུན་ཆགས་པར་བྱེད་པ་དང་། མ་འོངས་པར་ཚན་རིག་པ་ཆེན་པོར་འགྱུར་བར་བརྩོན་ལེན་བྱས་ཏེ། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་གསུངས།

6.jpg

ཞི་ཅིན་ཕིང་དེའི་རྗེས་སུ་ལོ་རིམ་ལྔ་བའི་དགེ་རྒན་གྱི་གཞུང་སྒྲུབ་ཁང་དུ་ཕེབས་ནས། སློབ་ཁྲིད་གྲ་སྒྲིག་བྱེད་བཞིན་པའི་དགེ་རྒན་རྣམས་ལ་འཚམས་འདྲི་མཛད་དེ། སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་བསླབ་ཚན་གྱི་སྒྲིག་གཞིའི་བཀོད་སྒྲིག་སོགས་གནས་ཚུལ་དྲིས།

7.jpg

སློབ་གྲྭའི་ཐང་ཆེན་དུ། དགེ་སློབ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བྱིས་པ་རྣམས་བདེ་བླག་ངང་འཚར་ལོངས་འབྱུང་བ་དང་། བདེ་ཐང་ངང་འཇོན་ཐང་ཅན་དུ་འགྱུར་བའི་སྨོན་འདུན་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཁོང་གིས་གསུང་དོན། དེ་རིང་ང་ཆེད་དུ་པེ་ཅིང་ཡུས་དབྱིན་སློབ་གྲྭར་ཚང་མར་འཚམས་འདྲི་བྱེད་དུ་ཡོང་ནས། གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་དྲུག་གཅིག་བྱིས་པའི་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་ཡིན། སློབ་གྲོགས་ཚོའི་ལྷད་མེད་རྣམ་དག་གི་རྣམ་པ་དང་བདེ་སྐྱིད་ཀྱི་འཛུམ་མདངས་མཐོང་བས་དགའ་སྤྲོ་ཆེན་པོ་སྐྱེས་སོང་། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སེམས་ཁུར་བྱེད་ཅིང་། སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། ཧུར་ཐག་སྒོས་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྔར་ལས་ལྷག་པའི་ཁོར་ཡུག་བཟང་བོ་གསར་བསྐྲུན་བྱས་ཡོད།

ཞི་ཅིན་ཕིང་གིས་སློབ་གྲོགས་རྣམས་ལ་གསུང་རྒྱུར། དེ་རིང་གི་ན་ཆུང་བྱིས་པ་ནི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་རྒྱུན་འཛིན་པ་དང་མ་འོངས་པའི་གཙོ་ཤུགས་དམག་དཔུང་ཡིན། དུས་རབས་འདིའི་དུས་དཀྱིལ་དུ་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་གྲུབ་བྱེད་ཆེད། ད་ལྟ་ང་ཚོའི་མི་རབས་འདིས་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ལ། མ་འོངས་པར་ཁྱོད་ཚོས་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱི་ལུས་ཕུང་བདེ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ལྡན་ལ། རྒྱ་ཆེའི་དགེ་རྒན་རྣམས་ཀྱི་བླ་མེད་ཀྱི་ལས་གནས་སྟེང་བྱས་རྗེས་གསར་བ་འཇོག་ཐུབ་པའི་སྨོན་འདུན་ཞུས།

དབྱིན་ལི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་གཟིགས་ཞིབ་མཛད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།