ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་ཞིན་ཅང་དུ་རྟོག་ཞིབ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས22ཉིན་ནས24ཉིན་བར་ཞིན་ཅང་དུ་རྟོག་ཞིབ་མཛད། ཁོང་གིས་དུས་རབས་གསར་པའི་ཞིན་ཅང་གི་བྱ་བ་བཟང་བོར་སྒྲུབ་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་ཆ་ཚང་ཞིང་ཡང་དག་པར་ལག་བསྟར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཞིན་ཅང་གི་ས་ཁུལ་ཡོངས་བརྟན་ལྷིང་ཞི་འཇགས་ཡིན་པ་དང་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པའི་རྣམ་པ་བཟང་བོ་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན།

ཁ་ཧྲི་ནས་ཝང་ཧུའུ་ཉིང་ཁ་ཧྲི་གནའ་མཁར་དང་ཝུའུ་སི་ཐང་པོ་དབྱི་སྲང་ལམ་མངགས་གཏོང་ཁང་། ཨེ་ཐིས་ཀར་མུའུ་སི་ལིན་ཆོས་ཁང་། ཧྲུའུ་ཧྥུའུ་རྫོང་གི་ཨ་ཡ་ཀི་མན་ཀན་སྡེ་བ་སོགས་སུ་ཕེབས་ནས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ། གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་ཀྱི་གནས་བབ་ནི་ཐོབ་དཀའ་བ་ཞིག་ཡིན་པས། ངེས་པར་དུ་དེར་ལྡབ་འགྱུར་གྱིས་གཅེས་སྤྲས་དང་དེ་སྟོབས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་ནས། མཐུན་སྒྲིལ་གྱིས་མི་སེམས་གོང་བུར་སྒྲིལ་བའི་བྱ་བ་བསྟུད་མར་བཟང་བོར་སྒྲུབ་སྟེ། རིགས་སོ་སོའི་མང་ཚོགས་སེ་འབྲུ་བཞིན་དུ་དམ་པོར་སྦྲེལ་དགོས་ཞེས་བསྟན། ཝུའུ་ལུའུ་མུའུ་ཆི་ནས་ཝང་ཧུའུ་ཉིང་རང་སྐྱོང་ལྗོངས་རྟེན་མཛོད་ཁང་དང་ཞིན་ཅང་སློབ་གྲྭ་ཆེན་མོ། འབྲེལ་ཡོད་ཁེ་ལས་སོགས་སུ་ཕེབས་ནས་རྟོག་ཞིབ་མཛད། ཁོང་གིས་ཞིན་ཅང་གི་རིགས་སོ་སོའི་མི་དམངས་ཀྱིས་དུས་ཡུན་རིང་བོར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱས་ཏེ། ཞིན་ཅང་གི་འོད་སྟོང་འབར་བའི་ལོ་རྒྱུས་རིག་གནས་མཉམ་དུ་གསར་གཏོད་བྱས་པ་རེད། ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་པ་བརྟན་པོར་བཙུགས་ཏེ། ཀྲུང་ཧྭ་ལ་ཞེན་པའི་ས་བོན་དེ་མི་རེ་རེ་དང་ལྷག་པར་དུ་ན་གཞོན་ལོ་ཆུང་ཚོའི་སེམས་སུ་གཏིང་དུ་ཐིམ་པར་བྱེད་དགོས་ཞེས་བསྟན།

རྟོག་ཞིབ་ཀྱི་སྐབས་སུ། ཝང་ཧུའུ་ཉིང་གིས་བསྟན་དོན། ཞིན་ཅང་རང་སྐྱོང་ལྗོངས་ཏང་ཨུས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ཞིན་ཅང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཁྱོན་ཡོངས་བརྟན་པར་བྱས་པ་དང་། འགྱུར་ལྡོག་ལ་ཁ་གཏད་འཇལ་བ། དབུལ་ཕོངས་ལ་འཐབ་འཛིང་བྱས་ཤིང་། འབྱོར་འབྲིང་བསྐྲུན་ནས་ཞིན་ཅང་གི་ལས་དོན་སྣ་ཚོགས་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད། སྐྱོད་ལམ་གསར་པའི་སྟེང་དུ། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པའི་ལས་འགན་ཧ་ཅང་ལྕི་བས། བློ་བརྟན་འགྱུར་མེད་སྒོས་འཇིགས་རྒོལ་བརྟན་སྲུང་ཁྲིམས་སྐྱོང་ཅན་དང་རྒྱུན་རྣམ་ཅན་དུ་བཏང་ནས། རྒྱུན་སྲིང་བརྟན་འཇགས་དང་ཡུན་རིང་བརྟན་འཇགས་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་ཡོང་བར་ཁག་ཐེག་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་མི་རིགས་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་མཐུན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་ཞིན་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིན་ཅང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཁྲོད་ཀྱི་འཐབ་ཇུས་ཀྱི་ངེས་གནས་ལ་སྟངས་འཛིན་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་ལས་བཟང་བོར་དམངས་ཚིས་ལེགས་བཅོས་བྱེད་པ་དང་ས་གནས་ལ་ཕན་ཁེ་བསྐྲུན་པ། མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་བཅས་ཀྱི་ཐད་དུ་དོན་འཁྱོལ་བྱེད་དགོས། དམག་སྡེ་ནི་ཞིན་ཅང་གི་བྱ་བའི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པས། ཐོན་ལས་མཉམ་འདྲེས་དང་དམག་ས་མཉམ་འདྲེས་ལ་ཡར་སྐུལ་བྱས་ཏེ། ས་ཁོངས་ཀྱི་ལས་ཞུགས་ནུས་པ་ཆེ་རུ་བསྐྱེད་ནས། དམག་སྡེའི་བྱེད་ནུས་ལེགས་པར་འདོན་དགོས།

ཝང་ཧུའུ་ཉིང་གིས་ད་དུང་ཝུའུ་ལུའུ་མུའུ་ཆི་རུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་བྱེད་པར་འཚམས་འདྲི་མཛད།

མཱ་ཞིན་རོས་དང་ཧྲི་ཐའེ་ཧྥིན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།