ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2023ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་ལ་ཤིས་འཕྲིན་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས25ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་ལ་ཤིས་འཕྲིན་སྤྲིངས། 

ཞི་ཅིན་ཕིང་གིས་དེང་སྐབས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་གཏིང་ཟབ་སྒོས་འཕེལ་རྒྱས་དང་། མིའི་རིགས་ཀྱི་ཐུན་མོང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་དགོས་ན། སྔར་ལས་ལྷག་པར་རྒྱལ་སྤྱིའི་མཉམ་ལས་དང་སྒོ་འབྱེད་མཉམ་སྤྱོད་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་ལེན་དུ་བསྟར་རྒྱུ་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ཞིང་། ཚན་རིག་ལག་རྩལ་ཁྱབ་གདལ་དུ་བཏང་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་པེ་ཅིན་གྱིས་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་རྩལ་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་དགོས་པ་དང་། རྒྱུན་མཐུད་ངང་ཀྲུང་གོན་སྡེ་བ་སྔོན་ལ་བསྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་པའི་བཅོས་སྒྱུར་ལས་དོན་ལ་སྐུལ་འདེད་གཏོང་བ་མ་ཟད། གོམས་གང་མདུན་སྤོས་སྒོས་འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་ཁུལ་འཛུགས་པར་སྔོན་ཐོན་གྱི་ལག་རྩལ་གསར་གཏོད་དང་མཐོ་ཞིབ་རྩེ་གསུམ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ལ་སྔོན་བསྐྱོད་ཐུབ་པར་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་བསྟན། 

2023ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་ནི་ཚན་རྩལ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་ཐོན་ཁུངས་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་ཚན་རྩལ་གླིང་། ཀྲུང་གོའི་བཟོ་རྩལ་གླིང་། ཀྲུང་གོའི་ཚན་རྩལ་མཐུན་ཚོགས། པེ་ཅིན་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་སྒྲུབ་བྱས་ཤིང་། ཟླ5པའི་ཚེས25ཉིན་པེ་ཅིན་དུ་འཚོགས་མགོ་བརྩམས་ལ། བརྗོད་དོན་གཙོ་བོ་ནི“སྒོ་འབྱེད་མཉམ་ལས·མ་འོངས་མཉམ་སྤྱོད”ཅེས་པ་ཡིན།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།