ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་ལི་ཧྥེང2023ལོའི་འཛམ་གླིང་ཚོང་དོན་མ་འཇོགདངུལ་གཏོང་སྐུལ་འདེད་རྩེ་ཚོགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། 2023ལོའི་འཛམ་གླིང་ཚོང་དོན་དངུལ་གཏོང་སྐུལ་འདེད་རྩེ་ཚོགས་པེ་ཅིན་ནས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་མགོ་ཚུགས་མཛད་སྒོའི་སྟེང་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་ཕུལ།

ཧོ་ལི་ཧྥེང་གིས་ན་ནིང་གི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཚོང་དོན་སྐུལ་འདེད་ལྷན་ཚོགས་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་འཛམ་གླིང་ཚོང་དོན་དངུལ་གཏོང་སྐུལ་འདེད་རྩེ་ཚོགས་སྟེང་བརྙན་ལམ་བརྒྱུད་ནས་སྤེལ་བའི་གསུང་བཤད་གལ་ཆེན་གནང་། རྒྱལ་ཁབ་སོ་སོའི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དང་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་ཚོང་དོན་དངུལ་གཏོང་འཕེལ་རྒྱས་ལ་སྐུལ་འདེད་བར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ད་ལོར་ཡང་བསྐྱར་འཛམ་གླིང་ཚོང་དོན་དངུལ་གཏོང་སྐུལ་འདེད་རྩེ་ཚོགས་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན། 

ཧོ་ལི་ཧྥེང་གིས་འཛམ་གླིང་དཔལ་འབྱོར་ལ་རིམས་ནད་ཐོན་རྗེས་སླར་གསོ་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་འཕྲད་ཡོད་ལ། འགྲན་སློང་དང་ཉམས་ཉེན་སྣ་ཚོགས་མཉམ་དུ་འདྲེས་པའི་དཀའ་གནད་ཀྱང་འཕྲད་ཡོད།     ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་དེ།    ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོ་སྐབས་གསར་བར་འཕྲད་ཡོད།     ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་རྒྱལ་སྤྱིའི་ཚོང་དོན་དངུལ་གཏོང་འཕེལ་རྒྱས་ཁྲོད་ཀྱི་ངེས་གཏན་རང་བཞིན་དང་བརྟན་ལྷིང་རང་བཞིན་གྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་པས། ངེས་པར་དུ་རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་དེ་ལས་མང་པོ་བསྐྲུན་དགོས་པར་བསྟན།

ཧོ་ལི་ཧྥེང་གིས་ཀྲུང་གོའི་འཕེལ་རྒྱས་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ་འཛམ་གླིང་གི་འཕེལ་རྒྱས་ལའང་ཀྲུང་གོ་དགོས།     ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་།    གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་རྩ་བརྟན་པོས་ལག་བསྟར་བྱས་ནས།    སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱ་རྒྱུ་ཡིན།     ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབྲེལ་མཐུད་སྤེལ་རེས་ལ་ཤུགས་སྣོན་པ་དང་།    དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།    ཚོང་དོན་གྱི“ཁེ་ཕན”ཐུན་མོང་གིས་ཆེ་རུ་བཏང་སྟེ།    དངུལ་གཏོང་མཉམ་ལས་ཀྱི་འགུལ་ནུས་སྐུལ་མ་བྱེད་པ་དང་།    གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་རྒྱལ་སྤྱིའི་ཚོང་དོན་དངུལ་གཏོང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་ཐུན་མོང་གིས་སྐུལ་འདེད་བཏང་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱུང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་འདོད་ཡོད་ཅེས་བསྟན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།