ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ5པའི་ཚེས24ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞིའི་འཚམ་འདྲིར་ཕེབས་པའི་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་ལ་ཐུག་འཕྲད་གནང་།

2.jpg

ཟླ5པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞིའི་འཚམ་འདྲིར་ཕེབས་པའི་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་ལ་ཐུག་འཕྲད་གནང་། འདི་ནི་གྲོས་མོལ་སྔོན་དུ། ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་སྨི་ཧྲུའུ་སི་ཅིན་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།

ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱེད་བཞིན་ཡོད། ཀྲུང་ཨུའི་དངོས་བརྩོན་མཉམ་ལས་ལ་མཉེན་ཤུགས་ལྡན་ཞིང་སྦས་ཤུགས་ཆེ་ལ། བར་སྟོངས་ཆེ་བ་ཡིན། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་ཀྲུང་ཨུའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ལམ་སྲོལ་གྱི་ཐབས་ལམ་གཙོ་བོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབེབས་བྱེད་པ་དང་། ཕྱོགས་གཉིས་ཀྱི་དངོས་བརྩོན་མཉམ་ལས་བརྟན་བརླིང་ངང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་གི་སྒྲིག་གཞི་ལེགས་བསྒྱུར་བྱས་ཏེ། སྔར་ལས་ལྷག་པར་ཉོ་ཚོང་གི་རིགས་སྣ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཞིང་ལས་དང་ཞབས་ཞུ་ཉོ་ཚོང་། གྲངས་ཀའི་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དུ་བཏང་ནས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲངས་སྤུས་མཉམ་འཕར་ལ་སྐུལ་འདེད་གཏོང་འདོད་ཡོད། ཉོ་ཚོང་བགྲོད་ལམ་ཤར་གཏོང་དང་མཐའ་མཚམས་འགྲོ་འོང་གོ་རིམ་ལེགས་བཅོས་བྱས་ཏེ་རྒྱལ་མཚམས་འགྲོ་འོང་གི་ཕན་ནུས་མཐོར་འདེགས་བྱེད་དགོས། མཉམ་ལས་སྦས་ཤུགས་སྔོན་འདོན་བྱས་ནས། ས་ཁུལ་དང་ཁེ་ལས་སྔར་ལས་མང་པོ་རྒྱལ་ཁབ་གཉིས་ཀྱི་དངོས་བརྩོན་མཉམ་ལས་ནང་ཞུགས་པར་སྐུལ་སློང་བྱེད་དགོས། མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་དུ་བཏང་ནས། སློབ་གསོ་དང་ཚན་རྩལ། རིག་གནས། ཡུལ་སྐོར། ལུས་རྩལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དུ་གཏོང་བ་དང་། མུ་མཐུད་དུ་ལུས་རྩལ་བརྗེ་རེས་ལོ་འཁོར་གྱི་རྗེས་མཐུད་ལས་དོན་ལེགས་པོར་བསྒྲུབས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འགྲེིམས་སློབ་མའི་གཞི་ཁྱོན་རྒྱ་བསྐྱེད་དུ་གཏོང་བར་རོགས་འདེགས་བྱེད་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྲོས་མགོ་བཏོན་ནས་ལོ་ངོ10འཁོར་བའི་ལོ་ཡིན། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་གཅིག་ཏུ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་འབྲེལ་མཐུད་མཉམ་ལས་ལ་ཤུགས་བསྣན་ཏེ། ཉོ་ཚོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་འདོད་ཡོད།

སྨི་ཧྲུའུ་སི་ཅིན་གྱིས་བསྟན་དོན། ཨུ་ཀྲུང་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ཞིང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས་ཡོད་པས། ཨུ་ཀྲུང་འབྲེལ་བར་རྒྱལ་སྤྱི་འབྲེལ་བའི་ཁྲོད་དམིགས་བསལ་དཔེ་སྟོན་གྱི་དོན་སྙིང་ལྡན་པ་ཡིན། རྒྱལ་སྤྱིའི་གནས་བབ་ཟང་ཟིང་རྙོག་འཛིང་གི་རྒྱབ་ལྗོངས་འོག ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབེབས་གང་ལེགས་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་གཏིང་ཟབ་དུ་གཏོང་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འགྲན་སློང་གསར་བར་ཁ་གཏོད་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། བཟོ་ཚོང་ལས་རིགས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ཞིང་ལས། ཚན་རྩལ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་དགོས། ཨུ་རུ་སུས་ཀྲུང་གོའི་མི་ཆོས་རིག་གནས་དང་ས་གནས་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་བྱས།

གྲོས་མོལ་སྔོན་དུ། ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་སྨི་ཧྲུའུ་སི་ཅིན་ལ་དགའ་བསུའི་མཛད་སྒོ་བསྡུས།

ཧོ་ལི་ཧྥིན་དང་ཆིན་ཀང་སོགས་གོང་གསལ་བྱ་འགུལ་ལ་ཞུགས།

ཉིན་དེའི་ཕྱི་དྲོར། སྨི་ཧྲུའུ་སི་ཅིན་གྱིས་མི་དམངས་དཔའ་བོ་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཚོམ་བུ་ཕུལ། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།