ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། རྩིས་བཤེར་ཀྱིས་ཏང་གི་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཐུན་མིན་ནུས་པ་འདོན་སྤེལ་བྱས་ཏེ། སྔར་ལས་ལྷག་པར་དུས་རབས་གསར་བའི་རྩིས་བཤེར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན། ལི་ཆང་དང་ལི་ཞི་གྲོས་ཚོགས་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞི་ཅིན་ཕིང་གིས་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུ། རྩིས་བཤེར་གྱིས་འགན་གལ་ཆེན་ཁུར་ཡོད་པས། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་རྐང་འཛུགས་པ་དང་། ལས་འགན་དང་བྱ་བ་གཙོ་བོར་དམ་དུ་དམིགས་ཏེ། རྩིས་བཤེར་གྱིས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་སྔར་ལས་བཟང་བོར་འདོན་དགོས། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སྐབས་གསར་པའི་བྱ་བ་བཟང་བོར་སྒྲུབ་དགོས་ན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་ལ་དམ་དུ་དམིགས་ཏེ། རྩིས་བཤེར་ཁྱབ་ཁོངས་ཀྱི་འཐབ་ཇུས་འཆར་འགོད་དང་སྟེང་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། དུས་རབས་གསར་པའི་རྩིས་བཤེར་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་སྐུལ་འདེད་བཏང་སྟེ། ནུས་པ་ཡོད་ཅིང་ཕན་འབྲས་ལྡན་པའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ཆེ་ཕྱོགས་ཀྱི་བྱ་བར་ཞབས་འདེབས་ཞུ་བ་དང་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཞི་གཉིས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་ཀྲུང་གུང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི2022ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་བྱས་པ་དང་ནོར་སྲིད་ཀྱི་འགྲོ་སོང་གཞན་དག་གི་གནས་ཚུལ་སྐོར་གྱི་རྩིས་བཤེར་སྙན་ཞུའི་ཡར་ཞུ་དང་། དུས་རབས་གསར་པའི་རྩིས་བཤེར་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་གྱི་ཡར་ཞུ་སོགས་ལ་ཉན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་འོག་ཏུ། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་སྒྲིག་སྲོལ་མ་ལག་ཅན་དང་སྤྱི་ཡོངས་ཅན་དུ་བསྐྱར་འཛུགས་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་གནས་ཚུལ་དང་འཚམ་པའི་རྩིས་བཤེར་གྱི་ལམ་གསར་པ་ཞིག་བསྐྱོད་པས། རྩིས་བཤེར་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། གཅིག རྩིས་བཤེར་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་རྩིས་བཤེར་བྱ་བའི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་མ་ཆད་པར་ཇེ་ཞིབ་དང་ཇེ་ནན། ལམ་ལུགས་ཅན་བཅས་སུ་བཏང་ཡོད། གཉིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྩིས་བཤེར་ལས་དོན་གྱི་ཆོས་ཉིད་རང་བཞིན་ཐད་ཀྱི་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་ཡོད། གསུམ། རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་ཇེ་དྲག་དང་། འཆམ་མཐུན་རང་བཞིན་ཇེ་མཐོར་བཏང་ནས། དམིགས་བསལ་ལྟ་སྐུལ་གྱི་ནུས་པ་སྔར་ལས་མངོན་གསལ་དུ་བཏང་ཡོད། བཞི། རྩིས་བཤེར་དག་ཐེར་ལེགས་བཅོས་ཀྱི་སྤྱིའི་སྒྲིག་གཞི་ཐོག་མར་གྲུབ་ལ། རྩིས་བཤེར་གྱི་མཇུག་འབྲས་ཐད་ཀྱི་བཀོལ་སྤྱོད་དང་ཟུང་སྦྲེལ་སྔར་ལས་གེགས་མེད་དང་དབང་གྲགས་ཅན། ཕན་འབྲས་ཅན་བཅས་སུ་བསྒྱུར་ཡོད།

ཚོགས་འདུའི་སྟེང་བསྟན་དོན། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་རྩིས་བཤེར་བྱ་བ་བཟང་བོར་སྒྲུབ་པའི་སྤྱིའི་བླང་བྱ་ནི་གཅིག་བསྡུས་གཅིག་གྱུར་ཡིན་པ་དང་ཁྱོན་ཡོངས་སུ་ཁེབས་པ། དབང་གྲགས་དང་ཕན་འབྲས་ཅན་ལྡན་པའི་རྩིས་བཤེར་ལྟ་སྐུལ་མ་ལག་བཙུགས་ནས། རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་པར་དམ་དུ་དམིགས་ཏེ་འབད་བརྩོན་བྱེད་རྒྱུ་དེ་ཡིན། རྩིས་བཤེར་གྱི་ཆབ་སྲིད་ངོ་བོ་དང་ཆབ་སྲིད་ནུས་པ་ཇེ་དྲག་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལ་ངོས་འཛིན་ཡང་དག་བྱེད་པ་དང་། གོ་བ་ཟབ་མོ་ལེན་པ། དོན་འཁྱོལ་བཟང་བོ་བྱེད་པ་བཅས་བྱེད་དགོས། སྤྱི་ཐུན་མ་དངུལ་དང་རྒྱལ་དབང་རྒྱུ་ནོར། རྒྱལ་དབང་ཐོན་ཁུངས་བཅས་དོ་དམ་དང་བེད་སྤྱོད་བྱེད་པའི་ས་གནས་དང་སྡེ་ཁག ལས་ཁུངས་བཅས་གཅིག་ཀྱང་མ་ཆད་མ་ལུས་པར་རྩིས་བཤེར་ལྟ་སྐུལ་བྱས་ཏེ། རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་ཟིལ་ཤུགས་ཆགས་པར་བྱེད་དགོས། ཁྲིམས་ལྟར་རྩིས་བཤེར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིབ་འཇུག་རང་བཞིན་གྱི་རྩིས་བཤེར་ནན་མོར་སྒྲུབ་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་བཏང་ནས། དཔལ་འབྱོར་ལྟ་སྐུལ་གྱི་ཆེད་དམིགས་དཔུང་སྡེ་བསྐྲུན་དགོས། ལྟ་སྐུལ་གཞན་པའི་བར་དུ་ཟུང་སྦྲེལ་གཞོགས་འདེགས་བཟང་བོ་བྱས་ཏེ་ལྟ་སྐུལ་གྱི་མཉམ་ཤུགས་གྲུབ་པར་བྱེད་དགོས།

ཚོགས་འདུའི་སྟེང་བསྟན་དོན། ད་ལོའི་རྩིས་བཤེར་བྱ་བ་ཏན་ཏིག་གིས་བཟང་བོར་སྒྲུབ་སྟེ། གནད་དོན་གལ་ཆེན་འབུར་དུ་ཐོན་པར་བྱས་ཏེ་རྩིས་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བཟང་བོ་དང་དོན་འཁྱོལ་བཟང་བོ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་ལས་འགན་གཙོ་བོ་འདིར་དམ་དུ་དམིགས་ནས། ལས་གཞི་གལ་ཆེན་དང་འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། འཕར་སྣོན་བརྟན་པར་བྱེད་པ་དང་ལས་ཞུགས་བརྟན་པར་བྱེད་པ། དངོས་གོང་བརྟན་པར་བྱེད་པ་བཅས་ལ་དམ་དུ་དམིགས་ནས། ནོར་སྲིད་ཀྱི་མ་དངུལ་རྩ་ཆེན་ལ་མུ་མཐུད་དམ་པོར་དམིགས་ཏེ། དཔལ་འབྱོར་བརྟན་པར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། དངོས་ཕུང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་དམ་དུ་དམིགས་ནས། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གཡོ་འགུལ་མི་བྱེད་པ་གཉིས་དོན་འཁྱོལ་བཟང་བོ་བྱེད་དགོས། དམངས་ཚིས་ཀྱི་མཐའ་ཚད་བརྟན་པོར་སྐྱོར་བར་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཁོ་ཚོར་ཆེས་ཐད་ཀར་དུ་འབྲེལ་བ་ཡོད་པ། ཁོ་ཚོའི་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ལ་དམ་པོར་དམིགས་ནས། དམངས་ཕན་དམངས་ཕྱུག་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པར་དམ་དུ་དམིགས་པ་དང་། ས་གནས་སྲིད་གཞུང་གི་བུ་ལོན་དང་དངུལ་རྩ། ཁང་སའི་ཐོན་ལས། འབྲུ་རིགས། ནུས་ཁུངས་སོགས་ཁྱབ་ཁོངས་གཙོ་བོར་དོ་སྣང་ཆེན་པོ་བྱས་ཏེ། ཁོངས་གཏོགས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བར་བྱེད་པའི་མཐའ་ཚད་བརྟན་སྲུང་བྱེད་དགོས། དབང་ཆ་ཚད་ལྡན་སྒོས་འཁོར་སྐྱོད་བྱེད་པར་དམ་དུ་དམིགས་པ་དང་། རྩིས་བཤེར་གྱིས་རུལ་རྒོལ་ཟིང་བཅོས་ཕྱོགས་སུ་ཐོན་པའི་ནུས་པ་གལ་ཆེན་ལེགས་པར་བཏོན་ནས། ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་མཉམ་འདྲེས་ཀྱི་རུལ་སུངས་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཆད་གཅོད་བྱེད་པ་དང་། དབང་ཤུགས་གཅིག་འདུས་དང་མ་དངུལ་གཅིག་འདུས། ཐོན་ཁུངས་མཉམ་འདུས་ཁྱབ་ཁོངས་ཀྱི་རུལ་སུངས་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཆད་གཅོད་བྱེད་པ། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་བར་མཐའ་གཅིག་ཏུ་ཞིབ་བཤེར་ཆད་གཅོད་བྱེད་པ་བཅས་བྱེད་དགོས།

ཚོགས་འདུའི་སྟེང་དུ་རྩིས་བཤེར་དང་དག་ཐེར་ལེགས་བཅོས་གཉིས་གལ་ཆེ་ཚུལ་འདྲ་མཉམ་ཡིན་པས་ངེས་པར་དུ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་དགོས། རྩིས་བཤེར་གྱི་དག་ཐེར་ལེགས་བཅོས་ལ་ལྟ་སྐུལ་བྱེད་རྒྱུ་དེ་ཉིན་རྒྱུན་གྱི་ལྟ་སྐུལ་གྱི་ཐབས་ཤེས་གལ་ཆེན་དུ་བརྩིས་ནས། རྩིས་བཤེར་གྱི་མཇུག་འབྲས་དེ་ལས་བྱེད་པ་དཔྱད་ཞིབ། བསྐོ་འཐེན། བྱ་དགའ་གནང་བ་དང་ཆད་པ་གཅོད་པ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བྱེད་དགོས། དག་ཐེར་ལེགས་བཅོས་བྱས་པ་མི་ལེགས་པ་དང་། དག་ཐེར་ལེགས་བཅོས་བྱེད་པའི་ཕྱི་ཚུལ་ཙམ་སྟོན་པ། དག་ཐེར་ལེགས་བཅོས་རྫུན་མ་བྱེད་པ་བཅས་ལ་འགན་འདྲི་ནན་མོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་སྟེང་དུ་ད་ལོ་ནི་རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལ་རེ་བ་ནན་མོ་བཅོལ་ཡོད་པས། རྩིས་བཤེར་གྱི་གཟི་བརྗིད་གོམས་སྲོལ་དང་ཕུལ་བྱུང་སྤྱོད་ཚུལ་རྒྱུན་འཛིན་བྱས་ཏེ་ལས་རིགས་ཀྱི་སྙིང་སྟོབས་བསྐྲུན་པ་དང་ཆེད་ལས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་དང་རྩིས་བཤེར་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཏེ། བརྗོད་དོན་སློབ་གསོ་དང་རྩིས་བཤེར་དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་ནས། བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་སྡེ་བསྐྲུན་དགོས་ཞེས་བསྟན།

ཚོགས་འདུའི་སྟེང་དུ་རིམ་པ་སོ་སོའི་ཏང་ཨུས་ཆབ་སྲིད་ཀྱི་འགན་འཁྲི་དངོས་སུ་ཁུར་དུ་བླངས་ནས་རྩིས་བཤེར་བྱ་བར་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་དངོས་སུ་དོ་དམ་བྱས་ཏེ། རྩིས་བཤེར་ཨུ་ཡོན་ལྷན་ཁང་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་པ་དང་གཅིག་འདོམས་མཐུན་སྦྱོར་བྱེད་པའི་ནུས་པ་ལེགས་པར་འདོན་དགོས་པའི་བླང་བྱ་བཏོན།

ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།