ཀྲུང་གོ་བོད་ཀྱི་དྲ་བ།

ཆིན་ཀང་གིས་ཀྲུང་གོ་དང་ཧོ་ལན་གྱིས་རིམ་པ་གསུམ་གྱི་ངོས་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཆོག་ཅེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས23ཉིན། རྒྱལ་དོན་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་པེ་ཅིན་ནས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཧུའུ་ཁེ་སི་ཐེ་ལ་དང་གྲོས་མོལ་མཛད་རྗེས་གསར་འགོད་པར་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།       

ཆིན་ཀང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་ཀྱིས་རིམ་པ་གསུམ་གྱི་ཐོག་ནས་མཉམ་དུ་བསྐྱོད་ཆོག་པ་རེད།    ཕྱོགས་གཉིས་ཀྱི་ངོས་ནས་བརྗོད་ན།    ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བཏོད་དེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཕ་རོལ་པོའི་ཁེ་ལས་ལ་སྒོ་འབྱེད་དང་།    འདྲ་མཉམ།    མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། གཉིས་ཁེ་གཉིས་ཕན་གྱི་ཁོར་ཡུག་ལེགས་པོ་བཟོ་འདོད་ཡོད།     ཀྲུང་གོ་དང་ཡོ་རོབ་བར་གྱི་ངོས་ནས་བརྗོད་ན།    ཧོ་ལན་ནི་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི“སྒོ་མོ”ཞིག་ཡིན་པས། ཀྲུང་ཧོ་རྒྱལ་ཁབ་གཉིས་པོས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་དགེ་མཚན་ལྡན་པའི་གྲོས་རིམ་ལ་དམིགས་ཏེ། ཕྱོགས་གཉིས་པོའི་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ཁྱོན་ཡོངས་ནས་བསྐྱར་དུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།     ཀྲུང་གོས་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་གཉིས་ཁེ་གཉིས་ཕན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ནས། ཕྱིར་གཏོང་བྱེད་པ་ནི་གོ་སྐབས་ཡིན་པ་ལས་ཉམས་ཉེན་མིན།    དེ་ལས་བྱུང་བ་ནི་འགན་བཅོལ་ཡིན་པ་ལས་ཉེན་ཁ་མིན།   དཔུང་ཁག་གི་འགྲན་རྒོལ་བྱེད་པ་དང་མིས་ཐོན་ལས་མཁོ་སྤྲོད་ཀྱི་འབྲེལ་ཐག་བཅད་པ་དེ་ནི་འཛམ་གླིང་ཉེན་ཁའི་འབྱུང་རྩ་རེད།     ཕྱོགས་མང་གི་ངོས་ནས་བརྗོད་ན།    ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་འབྲེལ་བའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།

ཆིན་ཀང་གིས་བསྟན་དོན། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་ལེན་བསྟར་ནས། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་དགོས་མཁོ་དང་འཚམ་པའི་མི་དམངས་ལ་མཁོ་བའི་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུའི་ཐོག་རྒྱལ་ཁའི་ངང་བསྐྱོད་ཡོད།     ཞིན་ཅང་དང་།    བོད་འབྲེལ་ས་ཁུལ།    ཤང་ཀང་དང་འབྲེལ་བའི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་མིན་པར་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་།    བདེ་འཇགས།    འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་གནད་དོན་ཞིག་ཡིན།     ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པས།    ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་ཡིན།     ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་ནི་ཐའེ་ཝན་ཞི་བདེ་བརྟན་ལྷིང་ངང་སྲུང་སྐྱོང་བྱེད་པའི་སྲོག་ཤིང་ལྟ་བུ་ཞིག་ཡིན།

ཆིན་ཀང་གིས་བཤར་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་སོགས་ཡོ་རོབ་རྒྱལ་ཁབ་ཀྱིས་ཡུག་རེན་གྱི་གནད་དོན་ཐད་སེམས་ཁུར་བྱེད་བཞིན་པ་རྟོགས་ཡོད་པ་དང་།  ཐོག་མཐའ་བར་གསུམ་དུ་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱིན་ཡོད།     ཀྲུང་གོ་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤེ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མིས་མིག་སྔར་ཡོ་རོབ་ཏུ་འཚམས་འདྲི་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ཡོ་རོབ་ཕྱོགས་དང་འབྲེལ་བ་གཏིང་ཟབ་བྱེད་བཞིན་ཡོད། མཉམ་དུ་འཐབ་འཁྲུག་མཚམས་འཇོག་པ་དང་ཞི་བདེ་སླར་གསོ་ཡོང་བར་ཐུན་མོང་གིས་འབད་བརྩོན་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།