ཀྲུང་གོ་བོད་ཀྱི་དྲ་བ།

ཏེན་ཞུའེ་ཞང་གིས་སིང་ག་ཕོར་གྱི་ཙུང་ལི་གཞོན་པའམ་ནོར་སྲིད་པུའུ་ཀྲང་ཧོང་ཞུན་ཚའེ་དང་གྲོས་མོལ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2023-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་སིང་ག་ཕོར་གྱི་ཙུང་ལི་གཞོན་པའམ་ནོར་སྲིད་པུའུ་ཀྲང་ཧོང་ཞུན་ཚའེ་དང་གྲོས་མོལ་མཛད།

ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་སིང་ག་ཕོར་ནི་ཕན་ཚུན་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཀྱི་ཟླ་གྲོགས་གལ་ཆེན་ཡིན། ཅང་མ་འགོར་བའི་སྔོན་ལ།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཞན་ལུང་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བར་རིམ་སྤོར་བྱས་པ་དངོས་སུ་ཁྱབ་བསྒྲགས་གནང་ནས། དུས་སྐབས་གསར་པའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་དུ། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།

ཏེན་ཞུའེ་ཞང་གིས་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལམ་སྲོལ་གྱི་སྟེགས་བུ་གལ་ཆེན་དེ་མུ་མཐུད་བེད་སྤྱོད་ཡག་པོ་བཏང་ནས། སྲིད་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་ཕྱོགས་སོ་སོའི་ཐོན་ཁུངས་སྤྱི་འདོམས་བྱེད་པ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐེན་ཅིན་སྐྱེ་ཁམས་གྲོང་དང་སུའུ་ཀྲོའུ་བཟོ་ལས་གླིང་། ཁྲུང་ཆིན་གྱི་ཕན་ཚུན་སྦྲེལ་མཐུད་ལས་གཞི། ཀོང་ཀྲོའུ་ཤེས་བྱའི་གྲོང་སོགས་མཉམ་ལས་ལས་གཞིའི་གཙོ་གནད་ཀྱི་སྤུས་ཀ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། དངུལ་རྩའི་མཉམ་ལས་བཅས་རྒྱུན་མཐུད་ངང་སྤེལ་བ། གཞི་གྲངས་དཔལ་འབྱོར་དང་རྒྱ་མཚོའི་ནུས་པ་བེད་སྤྱོད་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་རྒྱ་སྐྱེད་གཏོང་བ། འཕྲོད་བསྟེན་དང་སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཞེས་གསུངས།

ཏེན་ཞུའེ་ཞང་གིས་ས་ཁུལ་གྱི་དར་རྒྱས་བརྟན་བརླིང་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཀྲུང་གོ་དང་སིང་ག་ཕོར་རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ལས་དོན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་དཔལ་འབྱོར་གནད་དོན་ཆབ་སྲིད་ཅན་དུ་འགྱུར་རྒྱུར་མཉམ་དུ་བཀག་འགོག་བྱས་ནས། རྒྱལ་སྤྱིའི་ཐོན་ལས་ཕྲེང་འབྲེལ་བརྟན་པོའི་ངང་འཁོར་རྒྱུག་བྱེད་ཐུབ་པར་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད། 《ས་ཁོངས་ཁྱོན་ཡོངས་ཅན་གྱི་དཔལ་འབྱོར་རོགས་རེས་འབྲེལ་བའི་ཆོད་དོན》ཆུ་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་གཏོང་བ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་ཡག་པོ་བྱེད་པ། ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་རོགས་སྐྱོར་བཅས་བྱེད་དགོས་ཞེས་གསུངས།

ཧོང་ཞུན་ཚའེ་ཡིས་སིང་ག་ཕོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་བར་མཛའ་མཐུན་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་ལ། ཕྱོགས་གཉིས་པོའི་འབྲེལ་བར་སྟོབས་ཤུགས་ཀྱིས་བརྟས་ཡོད། སིང་ག་ཕོར་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། སིང་ག་ཕོར་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་སིང་ག་ཕོར་དང་ཀྲུང་གོ་ཕྱོགས་གཉིས་ཀའི་མཉམ་ལས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་མུ་མཐུད་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། མི་ཆོས་རིག་གནས་བརྗེ་རེས་བྱེད་ཚད་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།