ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་ཤིང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས16ཉིན་པེ་ཅིན་དུ་ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོས་བསྟན་དོན། ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བའི་རྩ་བའི་གཞི་འཛིན་སར་བརྩིས་ནས། ཀྲུང་ཧྭའི་དཔལ་ཡོན་སྔར་ལས་ལྷག་པར་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་དང་བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱས་ནས་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱེད་པ་དང་། ཀྲུང་ཧྭའི་དཔལ་ཡོན་སྔར་ལས་ལྷག་པར་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་གཏོང་བར་སྲིད་གྲོས་ཀྱི་ཁག་ཁུར་དང་བྱས་རྗེས་འབུལ་དགོས། ཕྱི་ཕྱོགས་བརྗེ་རེས་ཀྱི་ཆས་རྟགས་དང་བྱ་བའི་སྟེགས་བུ་གསར་སྐྲུན་བྱས་ནས་ཀྲུང་གོའི་གཏམ་རྒྱུད་ཀྱི་ཡིད་འགུག་ནུས་པ་དང་བརྒྱུད་སྒྲོག་ནུས་པ་ཇེ་ཆེར་གཏོང་བ་དང་། འཛམ་གླིང་ལ་ཡིད་རྟོན་རུང་བ་དང་གཅེས་སུ་རུང་བ། གུར་པར་འོས་པའི་ཀྲུང་གོའི་སྣང་བརྙན་འགྲེམ་སྟོན་བྱས་ནས་དཔལ་ཡོན་བརྗེ་རེས་མཉམ་ལས་ལ་སྔར་བས་སྐུལ་སྤེལ་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན100ལྷག་གྲོས་ཚོགས་ལ་ཞུགས་པ་དང་། ཨུ་ཡོན་དང་ཆེད་མཁས་པ20ཡིས་གཏམ་བཤད་གནང་། ཚང་མས་བསྟན་དོན། ཀྲུང་གོའི་ཡུན་རིང་བའི་ལོ་རྒྱུས་རིག་གནས་དང་དུས་རབས་གསར་བའི་འཕེལ་རྒྱས་ལ་འཛམ་གླིང་གིས་སྔར་བས་དོ་སྣང་བྱེད་བཞིན་ཡོད་པས། རིག་གནས་ཀྱི་ཡིད་རྟོན་སྲ་བརྟན་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱ་ཆེར་དྲིལ་སྒྲོག་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡང་དག་པའི་ཀྲུང་གུང་གི་ལྟ་བ་དང་ཀྲུང་གོའི་ལྟ་བ་ཆགས་པར་སྣེ་ཁྲིད་བྱེད་དགོས། ཀྲུང་ཧྭའི་དཔལ་ཡོན་གྱི་དགོངས་དོན་མཚོན་རྟགས་དང་རིག་གནས་ཉིང་བཅུད་བསྡུ་ལེན་དང་འགྲེམ་སྟོན་བྱས་ཏེ། ཀྲུང་གོའི་སྐད་ཆ་དང་ཀྲུང་གོའི་དོན་བརྗོད་ཀྱི་མ་ལག་མགྱོགས་མྱུར་ངང་བཙུགས་ཏེ་དཔལ་ཡོན་ཕན་ཚུན་བརྗེ་རེས་དང་བསྡུ་ལེན་གཏིང་ཟབ་དུ་གཏོང་དགོས། མངོན་མཚོན་བྱེད་ཐབས་དང་བརྒྱུད་སྒྲོག་བྱེད་ཐབས་གསར་སྐྲུན་བྱས་ཏེ། ཀྲུང་ཧྭའི་དཔལ་ཡོན་གྱི་གྲུབ་འབྲས་དང་དེང་རབས་ཀྲུང་གོ་མི་དམངས་ཀྱི་ངོ་མཚར་བའི་འཚོ་བ་འགྲེམ་སྟོན་བྱེད་དགོས།

ཀྲུང་གུང་ཀྲུང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལའེ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱིས་ང་ཚོས་རིག་གནས་ཀྱི་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་རིག་གནས་ཀྱི་མཉེན་ཤུགས་མཐོར་འདེགས་པ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བར་ཁ་ཕྱོགས་གསལ་བོར་བསྟན་ཡོད། ཤུགས་ཆེན་པོས་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཀྲུང་ཧྭའི་རིག་གནས་ཀྱི་འགུག་ཤུགས་ཇེ་མཐོར་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པའི་འཐབ་ཇུས་བརྒྱུད་སྒྲོག་མ་ལག་མགྱོགས་མྱུར་ངང་བཙུགས་ཏེ་གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་དངོས་འབེབས་དང་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་གྱིས་སྔ་དྲོའི་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཀྲོའུ་ཆང་། ཧི་ཧོའུ་ཧྭ། སུའུ་ཧུའེ། མོའུ་ཧུང་། ཞན་ཧུའེ། ཅང་ཞིན་ཀྲི། ཅང་ཙུའོ་ཅུན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་ལ་མཉན་པ་དང་། ཨུ་ཡོན་རྣམས་དང་མཉམ་དུ་གྲོས་མོལ་བརྗེ་རེས་གནང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།