ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་ཐའེ་ཝན་ལས་དོན་ཚོགས་འདུ་པེ་ཅིན་དུ་བསྡུས་པ་དང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2023ལོའི་ཐའེ་ཝན་ལས་དོན་ཚོགས་འདུ་ཚེས9ཉིན་ནས་ཚེས10ཉིན་བར་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་གཞུགས་པ་མ་ཟད་གསུང་བཤད་གནང་། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དང་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་ལམ་ཕྱོགས་ལག་བསྟར་བྱས་ནས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱི་ལས་དོན་ཆེན་མོར་སྐུལ་འདེད་གཏོང་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐའེ་ཝན་ལས་དོན་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་སྐོར་ཞིག་བཏོན་ནས། དུས་རབས་གསར་པར་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་ཇུས་གཞི་ཆགས་ཡོད། ངེས་པར་དུ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་ཇུས་གཞི་དངོས་འབེབས་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆར་དམ་འཛིན་ནན་མོ་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་གཅིག་གི་རྩ་དོན་དང་དགུ་གཉིས་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་སྲུང་འཛིན་བྱས་ཏེ། ཐའེ་ཝན་སྤུན་ཟླར་བརྩི་བཀུར་དང་བྱམས་གཅེས། ཕན་བདེ་བསྐྲུན་དགོས་ལ། ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་ཇེ་ཆེར་གཏོང་བའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་མུ་མཐུད་དུ་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་དུ་གཏོང་དགོས། རིམ་བཞིན་ངོགས་གཉིས་ཀྱི་བརྗེ་རེས་སླར་གསོ་དང་རྒྱ་བསྐྱེད་དུ་བཏང་ནས་ཐའེ་ཝན་གྱི་རིམ་པ་སོ་སོའི་མི་སྣ་དང་གྲོགས་པོ་བསྒྲིགས་ཏེ། ངོགས་གཉིས་ཀྱི་སྤུན་ཟླའི་མཛའ་བརྩེར་སྐུལ་སྤེལ་བྱེད་དགོས། ཐའེ་ཝན་རང་བཙན་གྱི་ཁ་ཕྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་རྒྱལ་ཁབ་ཀྱི་རང་བདག་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་དགོས། ཏང་གིས་ཐའེ་ཝན་གནད་དོན་ཐད་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་བསྣན་ཏེ་བརྟག་བཤེར་ཞིབ་འཇུག་གཏིང་ཟབ་དུ་སྤེལ་བ་དང་ཐའེ་ཝན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཚོགས་འདུར་མགོ་འཛིན་གནང་། ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ཚོགས་པའི་འབྲེལ་ཡོད་སྡེ་ཁག་དང་ས་གནས་སོ་སོའི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།