ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་དང་པོར་མགོ་འཛིན་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཆ་ཚང་དང་ཡང་དག་སྒོས་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ཁོང་དུ་ཆུད་པར་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཆེད་དོན་སློབ་སྦྱོང་ཐེངས་དང་པོ་བསྡུས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཆེད་དོན་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས། ཆ་ཚང་དང་ཡང་དག་སྒོས་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཞི་ཅིན་ཕིང་གིས་དཔལ་འབྱོར་ཐད་གནང་བའི་བསམ་བློའི་ནང་དོན་གལ་ཆེན་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་དང་ནང་དོན་ཁོང་དུ་ཆུད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་འདེགས་སུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རྣམས་དོན་ཐོག་ཏུ་འཁྱོལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

པར་འདི་ནི་ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཆ་ཚང་དང་ཡང་དག་སྒོས་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ཁོང་དུ་ཆུད་པར་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཆེད་དོན་སློབ་སྦྱོང་ཐེངས་དང་པོ་བསྡུ་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་བརྗོད་དོན་སློབ་སྦྱོང་ལ་མགོ་འཛིན་གནང་བཞིན་པའི་རྣམ་པ་རེད། 

ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་གླིང་གི་གླིང་གཙོ་ཝང་ཁྲང་ལིན་གྱིས་ཆེད་དོན་འཆད་ཁྲིད་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་དང་ཀྲང་གོ་ཆིང་། རྒྱལ་སྲིད་ཨུ་ཡོན་ཁྲེན་དབྱི་ཆིན་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་གཏམ་བཤད་སྤེལ།

ལི་ཆང་གིས་འཆད་ཁྲིད་དང་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་ལ་གསན་རྗེས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་དང་པོ་ཡིན་ཞེས་བརྗོད་པ་ལྟར། ང་ཚོས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བརྡར་གཅོད་གལ་ཆེན་འདིར་གོ་བ་ཟབ་མོ་ལེན་པ་དང་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས། གཏིང་ཟབ་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་པ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ནང་ཕྱོགས་ཀྱི་བླང་བྱ་ཡིན་ལ། རྒྱུན་ཆད་མེད་པར་བཅིང་འགྲོལ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ། ཧུར་ཐག་སྒོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པར་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་འདིང་གང་ཐུབ་བྱ་དགོས། གཏིང་ཟབ་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་པ་ནི་འགག་སྒོ་གལ་ཆེན་ཁག་ལས་གྲོལ་བར་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཡིན་ལ། མགྱོགས་མྱུར་སྒོས་སྤུས་ཚད་སྒྱུར་བཅོས་དང་ལས་ཕྱོད་གསར་བསྒྱུར། སྒུལ་ཤུགས་བཅོས་སྒྱུར་བཅས་བཏང་སྟེ། དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བརྟན་བརླིང་ངང་བསྐྱོད་པར་སྐུལ་འདེད་གཏོང་དགོས། གཏིང་ཟབ་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་པ་ནི་འཐབ་ཇུས་ཀྱི་ལེགས་ཆ་ཐོབ་པའི་འགག་རྩའི་གནས་ཤིག་ཡིན་པས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་གསར་སྐྲུན་ནུས་པ། ཉེན་ཁ་འགོག་པའི་ནུས་པ་བཅས་ཇེ་ཆེར་བཏང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྟན་མིན་རང་བཞིན་གྱིས་ཕྱི་ཕྱོགས་ཀྱི་བརྟན་མིན་རང་བཞིན་ལ་ཁ་གཏད་གཅོག་དགོས།

ལི་ཆང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕུན་སུམ་ཚོགས་པའི་ལག་ལེན་གྱི་ནང་དོན་ལྡན། རང་རྟོགས་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། དུས་ནམ་ཡང་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་ནུས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྟངས་འཛིན་དང་འཕེལ་རྒྱས་ལ་ཞིབ་བསྡུར། འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་དགོས། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་ཐོན་པར་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བྱས་ཤིང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་ཏེ་འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་སྤྱི་འདོམས་ཡག་པོ་བྱ་རྒྱུ་དང་། ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཆེ་བ་དང་འཕེལ་རྒྱས་གཏོང་སྟངས་སྔར་ལས་ཡག་པོ་ཡོང་བ་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ལས་ཀ་ཏན་ཏན་ཏིག་ཏིག་སྒོས་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་གནས་ཚོར་ཐུབ་པ་བྱ་དགོས་ཞེས་བསྟན།

ལི་ཆང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན་ལྡན་སྟབས། ངེས་པར་དུ་ཡང་དག་པའི་བྱ་བའི་ཐབས་ཇུས་དང་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། མ་ལག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བྱ་བའི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་རྒྱུ་དང་། བྱ་བ་ཅི་བསྒྲུབ་ཀྱང་ཁྱོན་ཡོངས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ལ་བསམ་གཞིག་མང་ཙམ་གཏོང་དགོས། བྱ་བའི་འགག་སྒོ་ཡང་དག་བཙལ་ནས་སྣེ་ཁྲིད་རང་བཞིན་དང་འདེགས་སྒུལ་རང་བཞིན་གྱི་གཞི་རྟེན་ལ་ཇུས་འགོད་ཧུར་ཐག་བྱེད་དགོས། བྱ་བའི་སྒྲུབ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་གོ་སྐབས་སུ་བཟུང་ནས་བརྟག་དཔྱད་ཞིབ་འཇུག་མཐར་ཕྱིན་བྱེད་པ་དང་། སྤྱོད་ཚུལ་ལེགས་འགྱུར་ཏན་ཏིག་བྱེད་པ། བཅོས་བསྒྱུར་གསར་གཏོད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་གནད་དོན་འབུར་ཐོན་ཅན་ཁག་ཅིག་ལ་ཐག་གཅོད་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།