ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲེང་གིས་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འཐུས་མི་དང་བཞུགས་མོལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : དངོས་སྦྱོང་སློབ་མ་ཚེ་རིང་མཚོས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིན་དུ་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འཐུས་མི་དང་བཞུགས་མོལ་གནང་།

པར་འདི་ནི་ཟླ3པའི་ཚེས28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིན་དུ་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འཐུས་མི་དང་བཞུགས་མོལ་གནང་བཞིན་པའི་རྣམ་པ་རེད།

ཧན་ཀྲེང་གིས་བསྟན་དོན། ད་སྐབས་ཀྱི་ཀྲུང་གོར་རྒྱུས་ལོན་བྱེད་དགོས་ན།  ངེས་པར་དུ་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཀྲུང་གོའི་མ་འོངས་པའི་དུས་སྐབས་ཤིག་གི་འཕེལ་རྒྱས་ལ་འཐབ་ཇུས་བཀོད་སྒྲིག་མཛད་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་དགོས།    ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་དམིགས་འབེན་ནི་ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་འབྱུང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཧན་ཀྲེང་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལོ་རྒྱུས་གཏན་ཚིགས་དང་མངོན་གསལ་གྱི་ཁྱད་ཆོས་སོགས་ལ་འཆད་འགྲེལ་བྱས་པ་མ་ཟད།  དེང་རབས་ཅན་མངོན་འགྱུར་བྱེད་པར་རྣམ་པ་དང་ཚད་གཞི་གཅིག་ལས་གཏན་འཁེལ་བྱས་མེད་པ་མིན་པར་རྒྱལ་ཁབ་རང་ངོས་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཁག་གི་དོན་དངོས་དང་འཚམ་དགོས་པར་བཤད།  ཀྲུང་གོས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྩ་བའི་བླང་བྱ་རེད།    ཀྲུང་གོས་མུ་མཐུད་དུ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་ཚོང་རར་ཞུགས་ཆོག་པའི་ཚད་གཞི་མུ་མཐུད་ནས་རྒྱ་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། རྒྱལ་ཁབ་ཁག་གི་ཁེ་ལས་དང་མཉམ་དུ་འབད་བརྩོན་བྱས་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་བཅས་བྱ་དགོས།

ཧན་ཀྲེང་གིས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བློ་འདོན་ཨུ་ཡོན་ལྷན་ཁང་གི་བྱ་གཞག་ལ་མཐོང་ཆེན་གནང་བཞིན་ཡོད་པ་མ་ཟད། ཨུ་ཡོན་ལྷན་ཁང་གི་ནུས་བ་འདོན་སྤེལ་དང་། ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རེ་བ་ནན་པོ་བཟུང་ཡོད། ཨུ་ཡོན་རྣམ་པས་དུས་ཡུན་རིང་བོར་ཀྲུང་གོའི་སློབ་གསོའི་ལས་དོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཡོང་བའི་སྔོན་འགྲོ་ཡིན་པས་སློབ་གསོ་ལ་མ་དངུལ་གཏོང་བ་ནི་འབྱུང་འགྱུར་ལ་མ་དངུལ་གཏོང་བ་དང་མཚུངས་ལ། ཀྲུང་གོའི་སྲིད་གཞུང་གིས་རིམས་ནད་ཀྱི་གནོད་འཚེ་དང་དཔལ་འབྱོར་མར་ཆག་པའི་འགྲན་སློང་སྣ་ཚོགས་སེལ་ཏེ། སློབ་གསོའི་ཐད་ལ་ནོར་སྲིད་གཏོང་བ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཅི་ཐུབ་བྱས། ཨུ་ཡོན་རྣམ་པས་མུ་མཐུད་དུ་ཀྲུང་གོའི་འཕེལ་རྒྱས་ནང་ཞུགས་ཏེ་ཀྲུང་གོ་དང་ཕྱིའི་རྒྱལ་ཁབ་བར་གྱི་སློབ་གསོ་དང་ཚན་རྩལ་ཐད་བརྗེ་རེས་དང་མཉམ་ལས་ལ་ཧུར་བརྩོན་བྱེད་དགོས་ཞེས་བསྟན།

 བློ་འདོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་ཀུ་ཤུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པོ་ཏི་མཱོ·ཁུའུ་ཁུ་སོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སློབ་གསོ་བརྗེ་རེས་དང་ཤེས་ལྡན་མི་སྣ་མཉམ་ལས་བྱེད་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་། ཁོ་ཚོས་ཀྲུང་གོ་སྲིད་གཞུང་གིས་ཕྱི་ཕྱོགས་སྒོ་འབྱེད་དང་གཉིས་ཕན་མཉམ་རྒྱལ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་བར་བསྟོད་བསྔགས་ཆེན་པོ་གནང་ཞིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གོ་སྐབས་གསར་བ་རེག་པར་རེ་སྒུག་དང་།  ཀྲུང་གོར་མ་དངུལ་གཏོང་བ་དང་ལྗང་མདོག་དཔལ་འབྱོར།  རྒྱུན་མཐུད་འཕེལ་རྒྱས།  གསར་གཏོད་ཞིབ་སྤེལ་སོགས་ཀྱི་ཤུགས་ཚད་མུ་མཐུད་དུ་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།