ཀྲུང་གོ་བོད་ཀྱི་དྲ་བ།

པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱིས2023ལོའི་ལོ་ཚོགས་ཀྱི་གྲོས་གཞི་ཆེ་གྲས་བཞིར“ངེས་གཏན་མེད་པའི་འཇིག་རྟེན་ཁྲོད་ཀྱི་ངེས་གཏན་རང་བཞིན”འཚོལ་ཞིབ་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས28ཉིན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས2023ལོའི་ལོ་ཚོགས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ་ལི་པའོ་ཏུང་གིས་ཡོངས་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ངེས་གཏན་མེད་པའི་རང་བཞིན་མངོན་གསལ་དོད་པོ་ཡོད་པ་དེ་ནི་དེང་སྐབས་འཛམ་གླིང་གི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད།     པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ལོ་ཚོགས་ཀྱིས་སྟེགས་བུ་ཞིག་མཁོ་འདོན་བྱས་ནས། ཚོགས་ཞུགས་ཕྱོགས་ཁག་གིས་འབྲེལ་ཡོད་གནད་དོན་ཐད་སྒོ་འབྱེད་ཁོང་ཡངས་ཀྱི་གྲོས་བསྡུར་བྱས་ཏེ། “ངེས་གཏན་མེད་པའི་འཛམ་གླིང་ཁྲོད་ཀྱི་ངེས་གཏན་རང་བཞིན་འཚོལ་ཞིབ་བྱེད་དགོས”ཞེས་བཤད་པ་རེད།    

པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས2023ལོའི་ལོ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི“ངེས་གཏན་མེད་པའི་འཛམ་གླིང་སྟེ་མཐུན་སྒྲིལ་མཉམ་ལས་ཀྱིས་འགྲན་སློང་བསུ་བ་དང་སྒོ་འབྱེད་དང་ཁོང་ཡངས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། གྲོས་གཞི་བཀོད་སྒྲིག་ཐད“འཕེལ་རྒྱས་དང་ཀུན་ཕན”དང་།    “བཅོས་སྐྱོང་དང་བདེ་འཇགས” “ས་ཁོངས་དང་གོ་ལ་ཧྲིལ་པོ” “དེང་སྐབས་དང་འབྱུང་འགྱུར” བཅས་གྲོས་གཞི་ཆེན་པོ་བཞི་ལ་དམིགས་ཤིང་།  དེའི་དམིགས་ཡུལ་ནི་ཕྱོགས་སོ་སོས་རང་ཉིད་ཀྱི་ཁེ་ཕན་དང་།  ཐུན་མོང་གི་ཁེ་ཕན།    དུས་ཐུང་གི་ཁེ་ཕན།    ཡུན་རིང་གི་ཁེ་ཕན་བཅས་ཀྱི་འབྲེལ་བར་ཞིབ་བཤེར་བྱ་རྒྱུར་སྐུལ་འདེད་བཏང་ནས། ཇི་ལྟར་བྱས་ན་རང་ཉིད་ཀྱི་ཕུགས་ལ་ཕན་པ་དང་འཛམ་གླིང་ཁྱོན་ཡོངས་ལ་ཕན་པ་ཡོང་རྒྱུ་དེ་རེད།    

ལི་པའོ་ཏུང་གིས་བཤད་རྒྱུར།  དེང་གི་འཛམ་གླིང་གི་ངེས་གཏན་མེད་པའི་རང་བཞིན་དེ་ཟིང་ཆ་དང་འཕོ་འགྱུར་གྱི་འཕེལ་ཕྱོགས་དེ་གཉིས་མཉམ་དུ་འདྲེས་ཏེ་རིམ་བཞིན་འཕེལ་འགྱུར་བྱུང་བཞིན་ཡོད།     དམག་འཁྲུག་ས་ཁུལ་དུ་ཟིང་ཆ་ལངས་པ་ནས་རྒྱལ་སྤྱིའི་ཚོང་རའི་ཟིང་ཆ་ལངས་པ་དང་།    སྤྱི་ཚོགས་འཕོ་འགྱུར་བྱེད་པ་ནས་ཚན་རྩལ་གསར་བརྗེ་བྱེད་པའི་བར།    འཛམ་གླིང་ཟང་ཟིང་དུ་འགྱུར་བ་དང་།    འཕེལ་རྒྱས་དང་བདེ་འཇགས་ཀྱི་མཚལ་ཡིག་ཆེན་པོ་གཉིས་སྔར་ལས་འབུར་དུ་ཐོན་ཡོད།    པྲོག་གསར་རིམས་ནད་དང་ས་ཁོངས་ཀྱི་ཆབ་སྲིད་གདོང་ཐུག་ཡིན་ནའང་འདྲ། འཛམ་གླིང་གི་དཔལ་འབྱོར་མར་ཆག་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོ་རུ་ཕྱིན་པ་ཡིན་ནའང་འདྲ།  འགྲན་སློང་གང་ཞིག་ཡིན་རུང་ཚང་མ་དེང་སྐབས་དང་འབྲེལ་བ་ཡོད་ལ་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད།    འགྲན་སློང་དེ་དག་གི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབོད་སྒྲ་སྔར་ལས་ཆེ་རུ་ཕྱིན་པ་དང་བསམ་འདུན་སྔར་ལས་ཆེ་རུ་ཕྱིན་ཡོད་ཅེས་བཤད།    

པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས2023ལོའི་ལོ་ཚོགས་ཟླ3པའི་ཚེས28ཉིན་ནས་ཚེས31ཉིན་བར་ཧའེ་ནན་པོ་ཨའོ་རུ་འཚོགས་རྒྱུ་རེད། ད་ལོ་ནི་པྲོག་གསར་རིམས་ནད་བྱུང་པ་ནས་བཟུང་པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི་ལོ་ཚོགས་ཐེངས་དང་པོར་ཡུལ་དངོས་ནས་ཚོགས་པར་སླར་གསོ་བྱུང་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།