ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས2023ལོའི་ལོ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས2023ལོའི་ལོ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་ངང་བྱུང་བཞིན་ཡོད་ལ། ས་ཁུལ་ཆ་ཤས་སུ་འགལ་བ་དང་ཟིང་ཆ་བསྟུད་མར་བྱུང་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བར་ཐུན་མོང་གི་ངོས་འཛིན་དང་མཉམ་ལས་དགོས་པ་ཡིན། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ཆེར་རྒྱབ་སྐྱོར་དང་ནུས་ལྡན་གྱི་དང་ལེན་ཐོབ་ཡོད། ཀྲུང་གོས་མུ་མཐུད་དུ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་ཐག་རྦད་ཆོད་སྒོས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་གསར་བས་འཛམ་གླིང་ལ་བསྟུད་མར་གོ་སྐབས་གསར་བ་མཁོ་སྤྲོད་བྱ་ངེས་ཡིན། ཀྲུང་གོས་བརྟན་བརླིང་ངང་ཆོས་ཉིད་དང་སྒྲིག་སྲོལ། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་རྒྱ་བསྐྱེད་དེ་རྒྱལ་ཁབ་སོ་སོའི་ཕྱོགས་སོ་སོས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་གོ་སྐབས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས2023ལོའི་ལོ་ཚོགས་དེ་ཚེས26ཉིན་པེ་ཅིན་དུ་འཚོགས་མགོ་བརྩམས་པ་དང་། བརྗོད་དོན་ནི་དཔལ་འབྱོར་སླར་གསོ་སྟེ། གོ་སྐབས་དང་མཉམ་ལས་ཞེས་པ་དེ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།