ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ས་གནས་དེའི་དུས་ཚོད་ཟླ3པའི་ཚེས20ཉིན་གྱི་ཕྱི་དྲོར། མའོ་སི་ཁོ་རུ་འབྱོར་མ་ཐག་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུ་ལྟར་ཁོ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐང་ཕུའུ་ཅིན་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ3པའི་ཚེས20ཉིན་གྱི་ཕྱི་དྲོར། མའོ་སི་ཁོ་རུ་འབྱོར་མ་ཐག་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུ་ལྟར་ཁོ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐང་ཕུའུ་ཅིན་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་འབྱོར་སྐབས། ཁོ་ལི་མུའུ་ལིན་ཕོ་བྲང་གི་དམག་སྤྱི་ཡིས་རླངས་འཁོར་འབབ་ས་རུ་སྣེ་ལེན་ཞུས། ཙུང་ཐུང་ཕུའུ་ཅིན་གྱིས་ཞི་ཅིན་ཕིང་ལ་དགའ་སྤྲོའི་ངང་ལག་འཇུ་གནང་བ་མ་ཟད་མཉམ་པར་བླངས། གཙོ་བདག་གཉིས་ཀྱིས་ཀྲུང་ཨུ་འབྲེལ་བ་དང་ཐུན་མོང་གི་དོ་སྣང་བྱེད་པའི་གནད་དོན་ཐད་ནས་བརྗེ་རེས་གཏིང་ཟབ་དང་ཟོལ་མེད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཕུའུ་ཅིན་གྱི་གདན་ཞུ་ལྟར་ཡང་བསྐྱར་ཨུ་རུ་སུ་ལ་རྒྱལ་དོན་འཚམ་འདྲི་གནང་ཐུབ་པར་དགའ་སྤྲོ་སྐྱེས་ཡོད། ལོ་བཅུའི་སྔོན་ལ་ངས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་རྗེས་ཐོག་མར་ཨུ་རུ་སུ་ལ་རྒྱལ་དོན་འཚམ་འདྲི་གནང་བ་དང་ད་ལྟར་ཡང་ཡིད་ལ་གསལ་པོར་དྲན་ཡོང་། ལོ་བཅུའི་རིང་། ངས་ཙུང་ཐུང་ཕུའུ་ཅིན་དང་འབྲེལ་བ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པ་དང་ཡང་ན་ཉེ་སྔོན་ཡང་བསྐྱར་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་གང་ཡིན་ཡང་། ཁྱེད་ཀྱིས་དེ་མ་ཐག་ང་ལ་རྟེན་འབྲེལ་གློག་འཕྲིན་བསྐུར་བར་འདིར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུ་བ་ཡིན། ཨུ་རུ་སུས་སང་ལོར་ཙུང་ཐུང་འདེམས་བསྐོ་བྱ་རྒྱུ་རེད། ཁྱེད་ཀྱི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཨུ་རུ་སུའི་འཕེལ་རྒྱས་གོང་འཕེལ་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། ཨུ་རུ་སུ་མི་དམངས་ཀྱིས་མུ་མཐུད་དུ་ཁྱེད་ལ་བློ་ཐག་རྦད་ཆོད་སྒོས་རྒྱབ་སྐྱོར་གནང་རྒྱུར་ང་ལ་ཡིད་ཆེས་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཨུ་འབྲེལ་བ་དེ་རིང་བར་འཕེལ་རྒྱས་ཕྱིན་པ་ལ་དེའི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་གཏན་ཚིགས་ཡོད་པ་ཡིན། ཁྱིམ་མཚེས་རྒྱལ་ཁབ་ཆེན་མོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པའི་ཆ་ནས། ཀྲུང་ཨུ་འབྲེལ་བ་ཡིས་རང་སོ་སོའི་ཕྱི་འབྲེལ་ཁྱོན་ཡོངས་དང་ཕྱི་ཕྱོགས་སྲིད་ཇུས་ཁྲོད་དམིགས་བསལ་གྱི་གོ་གནས་བཟུང་ཡོད། ཀྲུང་གོས་སྔོན་ཆད་ནས་སྒེར་ཚུགས་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ཡོད། ཀྲུང་ཨུ་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་གང་ལེགས་གཏོང་བ་ནི་ཀྲུང་གོས་རང་སྟེང་གི་རྩ་བའི་ཁེ་ཕན་དང་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་དམིགས་པའི་འཐབ་ཇུས་ཀྱི་གདམ་ཀ་ཞིག་ཡིན། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པའི་ཁ་ཕྱོགས་ཆེན་མོར་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་དར་སྤེལ་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཏེ་ཚང་མས་འཛམ་གླིང་སྣེ་མང་ཅན་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་ཁྱབ་ཁོངས་སོ་སོའི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དར་སྤེལ་ལ་རོགས་འདེགས་བྱས་ཏེ། འཛམ་གླིང་ཞི་བདེ་གཏན་འཇགས་ཀྱི་སྲ་བརྟན་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས། 

ཕུའུ་ཅིན་གྱིས་ཞི་ཅིན་ཕིང་གིས་ཨུ་རུ་སུ་ལ་རྒྱལ་དོན་འཚམ་འདྲི་གནང་བར་དགའ་བསུ་ཞུས་པ་དང་། ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་འགན་བསྟུད་འཛིན་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུས། ཕུའུ་ཅིན་གྱིས་བསྟན་དོན། འདས་པའི་ལོ་ངོ་བཅུའི་རིང། ཀྲུང་གོས་ཕྱོགས་སོ་སོའི་འཕེལ་རྒྱས་ལ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེའི་གྲུབ་འབྲས་བླངས་ལ། འདི་དག་ཚང་མ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་མགོ་ཁྲིད་ལ་རག་ལས་ཤིང་། དེས་ཀྲུང་གོའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་ཁྱད་འཕགས་ལ་བདེན་དཔང་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་མགོ་ཁྲིད་འོག ཀྲུང་གོས་མུ་མཐུད་དུ་འཕེལ་རྒྱས་གོང་འཕེལ་དང་བདེ་བླག་ངང་རླབས་ཆེའི་དམིགས་འབེན་སོ་སོ་ལེགས་འགྲུབ་ཡོང་བར་ང་ལ་ཡིད་ཆེས་ཟབ་མོ་ཡོད། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཉེ་བའི་ལོ་འགའི་རིང་ཨུ་ཀྲུང་འབྲེལ་བས་ཁྱབ་ཁོངས་སོ་སོར་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མུ་མཐུད་དུ་ཕྱོགས་གཉིས་ཀྱི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་བཏང་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད།

ཕྱོགས་གཉིས་ཀྱིས་ཝུའུ་ཁུ་ལན་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཝུའུ་ཁུ་ལན་གྱི་གནད་དོན་ཐད་ནས། ཞི་བདེ་དང་དོན་དངོས་ཀྱི་སྐད་ཆ་མུ་མཐུད་དུ་གཅིག་དུ་འདུ་བཞིན་ཡོད་པ་དང་། རྒྱལ་ཁབ་མང་ཆེ་པས་ཛ་དྲག་གི་གནས་བབ་ཞི་ལྷོད་དུ་གཏོང་བར་རྒྱབ་སྐྱོར་དང་། རང་འགུལ་སྒོས་བར་འདུམ་གླེང་མོལ་ལ་སྐུལ་ཏེ། མེ་ཐོག་སྣུམ་ལྡུག་ལ་ངོ་རྒོལ་བྱེད་བཞིན་ཡོད། ལོ་རྒྱུས་ལ་གཞིགས་ན། གདོང་གཏུག་ཚང་མ་ཕལ་ཆེར་གླེང་མོལ་དང་གྲོས་མོལ་བརྒྱུད་ནས་ཐག་བཅད་ཡོད། ཉེ་སྔོན། ཀྲུང་གོས་ཆེད་དུ་ལངས་ཕྱོགས་གསལ་བསྒྲགས་ཀྱི་ཡིག་ཆ་སྤེལ་ནས། ཆབ་སྲིད་ཀྱིས་ཝུའུ་ཁུ་ལན་གྱི་ཉམས་ཉེན་ཐག་གཅོད་པ་དང་། འཇམ་འཐབ་ཀྱི་བསམ་བློ་དང་ཕྱོགས་རྐྱང་གི་བཀག་སྡོམ་ལ་ངོ་རྒོལ་བྱས་ཡོད། ང་ཚོས་དཀའ་ཁག་ཇི་ལྟར་ཆེ་ན་ཞི་བདེར་དེ་ལྟར་བར་སྟོང་བཞག་ཡོད་པ་དང་། འགལ་ཟླ་ཇི་ལྟར་ཛ་དྲག་ཆེ་ན། གླེང་མོལ་གྱི་བརྩོན་སེམས་དེ་ལྟར་དོར་མི་རུང་བར་འདོད། ཀྲུང་གོས་མུ་མཐུད་དུ་ཆབ་སྲིད་ཀྱིས་ཝུའུ་ཁུ་ལན་གྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བར་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱེད་འདོད་ཡོད།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་མཐའ་གཅིག་ཏུ་དྲང་བདེན་དང་དོན་དངོས། དོ་མཉམ་གྱི་ལངས་ཕྱོགས་སྲུང་འཛིན་བྱེད་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ནན་ཏན་སྒོས་ཀྲུང་གོའི་ཆབ་སྲིད་ཀྱིས་ཝུའུ་ཁུ་ལན་གྱི་གནད་དོན་ཐག་གཅོད་པའི་ལངས་ཕྱོགས་གསལ་བསྒྲགས་ཀྱི་ཡིག་ཆར་ཞིབ་འཇུག་བྱས་ཏེ། ཞི་བའི་གླེང་མོལ་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་སྟེ། ཀྲུང་གོས་འདིའི་ཕྱོགས་ལ་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་པར་དགའ་བསུ་ཞུ་རྒྱུ་ཡིན།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས། སང་ཉིན་ཡང་བསྐྱར་གླེང་མོལ་བྱེད་པར་རེ་བ་བྱེད་བཞིན་ཡོད་ལ། མ་འོངས་པའི་དུས་སྐབས་ཤིག་གི་ནང་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བར་ཇུས་འགོད་གསར་བ་བཟོ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།