ཀྲུང་གོ་བོད་ཀྱི་དྲ་བ།

ཆིན་ཀང་གིས་ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལའེ་པཱ་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3ཚེས16ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་འཁུར་མཁན་ཆིན་ཀང་གིས་ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལའེ་པཱ་ལ་ཁ་པར་བཏང་།

  ཆིན་ཀང་གིས། ཕྱི་འབྲེལ་བཙུགས་ནས་ལོ་ངོ31རིང་། ཀྲུང་གོ་དང་ཡུག་རེན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་རྒྱུན་འཁྱོངས་ཐུབ་ཡོད། ཡུག་རེན་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞི་ཐོག་ཀྲུང་གོ་ཕྱོགས་དང་མཉམ་དུ་ཟོལ་མེད་ཀྱི་འབྲེལ་བ་འཛུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་གནང་བ་མ་ཟད། ཡུག་རེན་ཕྱོགས་དང་མཉམ་དུ་རྒྱང་རིང་ལ་དམིགས་ཏེ་ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཡུག་རེན་བར་གྱི་དངོས་དོན་མཉམ་ལས་ཀྱི་རྨང་གཞི་ཅུང་ལེགས་ཤིང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་སྟབས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་མངོན་འགྱུར་འབྱུང་བར་ཀྲུང་གོ་དང་ཡུག་རེན་བར་གྱི་གཉིས་ཕན་མཉམ་ལས་ལ་དེ་ལས་མང་བའི་གོ་སྐབས་འདོན་སྤྲོད་བྱེད་འདོད་ཡོད་ཅེས་གསུངས།

ཁུའུ་ལའེ་པཱ་ཡིས། ཀྲུང་གོ་ནི་ཡུག་རེན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ལས་དོན་ཁྲོད་མེད་དུ་མི་རུང་བའི་གནད་འགག་གི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་རེད། ཉེ་དུས་ཀྲུང་གོས་སོ་ཏི་ཨ་རབ་དང་དབྱི་རན་གཉིས་ལ་བདེ་ལེགས་ངང་འདུམ་འགྲིག་བྱས་པར་རྟེན་འབྲེལ་ཞུས་ཤིང་། ཡུག་རེན་ཕྱོགས་ཀྱིས་དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་ཡང་དག་བཟུང་སྟེ། ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་བརྩི་སྲུང་བྱེད་པ་དང་ཀྲུང་གོའི་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཚུལ་བསྟན།

ཁུའུ་ལའེ་པཱ་ཡིས་ཡུག་རེན་ཉམས་ཉེན་གྱི་གནས་ཚུལ་གསར་ཤོས་དང་ཞི་བའི་གྲོས་མོལ་གྱི་མདུན་ལྗོངས་ངོ་སྤྲོད་གནང་བ་མ་ཟད། ཀྲུང་གོས་ཡུག་རེན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་སྟེང་ནས་ཡུག་རེན་གྱི་ཉམས་ཉེན་ལ་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ལངས་ཕྱོགས་ཡིག་ཆ་ཁྱབ་བསྒྲགས་བྱས་པ་དེས་དམག་མཚམས་འཇོག་པའི་ལྷག་བསམ་ལ་སྐུལ་འདེད་བཏང་བ་མཚོན་ཡོད་ལ། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཆིན་ཀང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“འོས་པ་བཞི”གཙོ་གནད་དུ་བཟུང་ནས་རྒྱས་བཤད་གནང་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ལུགས་མཐུན་དྲང་གཞག་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ། བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བའི་གྲོས་མོལ་བྱེད་པར་ཆ་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་བཏང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཉམས་ཉེན་ཛ་དྲག་ཏུ་འགྲོ་བ་དང་ཚོད་འཛིན་བྱེད་ཐབས་བྲལ་བར་སེམས་ཁྲལ་བྱེད་ཀྱི་ཡོད་ལ། ཕྱོགས་སོ་སོས་བབ་བརླིང་དང་བཟོད་བསྲན་མཐའ་འཁྱོངས་བྱས་ཏེ་ཞི་བའི་གྲོས་མོལ་གང་མགྱོགས་སྒོས་སླར་གསོ་བྱ་རྒྱུ་དང་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཡུག་རེན་དང་ཨུ་རུ་སུ་གཉིས་ཀྱི་གྲོས་མོལ་ལ་ཕན་འབྲས་བཟང་བོ་ཐོབ་པར་རེ་བ་བཟུང་ཡོད་སྟབས་དཀའ་ངལ་དང་འགྲན་སློང་ཅི་འདྲར་ཐུག་ཀྱང་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པར་འགག་རྒྱ་བཟོ་མི་རུང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དམག་མཚམས་འཇོག་རྒྱུ་དང་ཉེན་ཁ་ཇེ་ཆུང་དུ་གཏོང་རྒྱུ། ཞི་བདེ་སླར་གསོ་འབྱུང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བསྟན། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།