ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་སྒྲིལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་ང་ཚོས་གྲུབ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་པ་ནི་ཀྲུང་གུང་ཀྲུང་དབྱང་གིས་ཁས་ལེན་དང་མངགས་བཅོལ་གནང་བ་ཡིན་ལ། ཨུ་ཡོན་ཡོངས་ཀྱིས་ཡིད་ཆེས་བྱས་པ་དང་རེ་སྒུག་ཀྱང་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཆབ་སྲིད་ཀྱི་ལངས་གནས་ཇེ་བརྟན་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་བྱ་བའི་ཐད་གནང་བའི་མཛུབ་སྟོན་དང་རེ་བ་གལ་ཆེན་དངོས་འབེབས་བྱས་ནས། དག་སྲུང་གསར་གཏོད་དང་ཁག་ཁུར་འགན་ལེན་བྱེད་པ་དང་། ད་ཡོད་ཀྱི་རྨང་གཞིའི་སྟེང་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་འགྲོ་བའི་ཐད་རྣམ་པ་གསར་པ་ཧུར་ཐག་སྒོས་གསར་སྐྲུན་བྱེད་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ཁྲོད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་ཚུད་པའི་ཕུགས་འདུན་དང་ཡིད་ཆེས་བརྟན་པོ་དང་དམངས་དོན་ཁོ་ན་བསམ་པའི་བརྩེ་སེམས། ལོ་རྒྱུས་ཀྱི་རང་རྟོན་བརྟན་པོ། ཞུམ་མེད་ཁག་ཁུར་སྙིང་སྟོངས་བཅས་ཀྱི་ཁྲོད། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོའི་ཁྲོད་དུ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་དགོས་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཆུད་པར་བྱེད་པ་དང་། མི་དམངས་སྲིད་གྲོས་དེ་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་སྒོས་དཀྱིལ་སྙིང་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཨུ་ཡོན་གྱི་འགན་འཁྲི་དང་ཁག་ཁུར་ནུས་པ་ཇེ་ཆེར་བཏང་ནས། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ལེན་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་བྱེད་པའི་ལོ་དང་པོའང་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྲིད་གྲོས་ཀྱི་སྒྲིག་ཡིག་དྲིལ་སྒྲོག་དང་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། གྲོས་མོལ་སྲིད་གླེང་བྱ་འགུལ་རྩ་འཛུགས་ཞིབ་མོ་བྱེད་པ། ཏན་ཏིག་སྒོས་རྒྱུན་ལྡན་རང་བཞིན་གྱི་བྱ་བ་བཟང་བོར་སྒྲུབ་པ། སྒྲིག་སྲོལ་དང་སྒྲིག་ལམ་བརྩི་སྲུང་ནན་བྱེད་པར་སྣེ་ཁྲིད་བྱེད་པ། ཧུར་ཐག་དང་རང་འགུལ་སྒོས་འགན་འཁྲི་ཁག་ཁུར་བྱེད་པ། རྒྱ་ཆེའི་ཨུ་ཡོན་རྣམས་ལ་མཐུན་སྒྲིལ་བྱས་ཏེ་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས།
གྲོས་ཚོགས་ནས་སྲིད་གྲོས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་སྟེ། གྲོས་འདོན་ཨུ་ཡོན་ལྷན་ཁང་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་། མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་། སློབ་གསོ་དང་ཚན་རྩལ་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞང་ཀང་དང་ཨོ་མིན། ཐེ་ཝན། ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་འཛུགས་རྒྱུ་ཐག་བཅད་པ་དང་། སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པའི་བསྐོ་འཇོག་མིང་ཐོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པའི་མིང་ཐོ་ལ་གྲོས་འཆམ་བྱུང་། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་གྲོལ།