ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་དུ་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཟླ་གཉིས་པའི་ཚེས་བདུན་ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དུ་ཚོགས་མགོ་བརྩམས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མགོ་རྩོམ་མཛད་སྒོའི་སྟེང་དུ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་སྙིང་བསྡུས་བྱས་ནས་བཏོན་པར་མ་ཟད་རྒྱས་བཤད་གཏིང་ཟབ་གནང་བ་དེ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་དང་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་དངོས་ཀྱི་སྐབས་སུ་དཀའ་སྡུག་ཚད་མེད་མྱངས་པ་དང་རིན་དོད་ཆེན་པོ་ཕུལ་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་དེ་ལ་ལྡབ་འགྱུར་གྱིས་གཅེས་འཛིན་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱུན་ཆད་མེད་པར་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་གིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི་ཉེ་རབས་ཚུན་གྱི་ཀྲུང་གོ་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་པས། སྤྱོད་བཟང་འདུན་ཆེ་ཡི་མི་སྣ་གྲངས་ལས་འདས་པས་འབད་བརྩོན་ཆེན་པོས་འཚོལ་ཞིབ་དང་ཚོད་ལྟ་སྣ་ཚོགས་བྱས་ནའང་། ཚང་མ་ཕམ་ཉེས་ཀྱི་ཐོག་ནས་མཇུག་སྒྲིལ་བ་རེད། ཀྲུང་གོའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ལས་འགན་ལྕི་མོ་དེ་ལོ་རྒྱུས་ཀྱི་སྟེང་ནས་བཤད་ན་ཀྲུང་གོ་གུང་ཁྲན་ཏང་གི་ཕྲག་སྟེང་དུ་བབས་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཁྲག་འདོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་སྒོ་ནས་བྱང་འདུལ་དམག་འཁྲུག་དང་ས་ཞིང་གསར་བརྗེའི་དམག་འཁྲུག འཇར་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་རིམ་པར་བརྒྱུད་དེ། བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་གྱི་མགོ་རྟིང་བསློགས་ནས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་ཕུགས་འདུན་མངོན་འགྱུར་བྱས་ནས། དེང་རབས་ཅན་མངོན་འགྱུར་ཡོང་བར་རྩ་བའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱས་ནས། ཀྲུང་གོའི་ལོ་སྟོང་ཕྲག་ལྷག་རིང་གི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མེད་པར་བཟོས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་མཐར།  ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་བྱུང་བ་དང་། བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་ཅུང་ཆ་ཚང་བ་ཞིག་བཙུགས་ལ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་བཅས་ཀྱིས། དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ཉམས་མྱོང་རྩ་ཆེན། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག དངོས་པོའི་རྨང་གཞི་བཅས་བཏིངས་པ་རེད། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པའི་ནང་དུ། ང་ཚོའི་ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོ་དེ་དཔལ་འབྱོར་འཛུགས་སྐྲུན་སྟེང་བསྒྱུར་རྒྱུ་དང་བཅོས་སྒྱུར་སྒོ་འབྱེད་བྱ་རྒྱུའི་ལོ་རྒྱུས་རང་བཞིན་ལྡན་པའི་ཇུས་ཐག་བཅད་དེ། ལག་ལེན་གྱི་རྨང་གཞིའི་སྟེང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ལག་བསྟར་བྱས་ལ། ཐོན་སྐྱེད་ནུས་ཤུགས་ལྟོས་བཅས་ཀྱིས་རྗེས་ལུས་ཐེབས་པའི་གནས་ཚུལ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་མཁྲེགས་གཏོར་མངོན་འགྱུར་བྱས་ལ། མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འདང་བ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་གསོན་ཤུགས་གསར་པ་ལྡན་པའི་སྒྲིག་སྲོལ་གྱི་འགན་ལེན་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་དངོས་པོའི་ཆ་རྐྱེན་མཁོ་འདོན་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རེའི་ཏང་གིས་ད་ཡོད་ཀྱི་རྨང་གཞིའི་སྟེང་དུ་མུ་མཐུད་མདུན་སྐྱོད་བྱས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐད་ནས་གསར་གཏོད་ཐོད་བརྒལ་ཟམ་མི་ཆད་པར་ཡོང་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ང་ཚོས་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསྐྲུན་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་སྙིང་དང་ངོ་བོའི་ངོས་ཟིན་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། ཆོས་ཉིད་གལ་ཆེན་བཅས་ལ་སྡོམ་ཚིགཡང་དག་བཀོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་རགས་རིམ་ཙམ་ཞིག་བཙུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྔར་ལས་ཁ་གསལ་དང་སྔར་ལས་ཚན་རིག་དང་མཐུན་པ། སྔར་ལས་སྤྱོད་གོ་ཆོད་པ་བཅས་ཡོང་བར་བྱས། ང་ཚོས་འཐབ་ཇུས་སྟེང་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་སོགས་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པར་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཡོད། ང་ཚོས་ལག་ལེན་གྱི་ཐད་ནས་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། བཅོས་སྒྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་ལ། མཁྲེགས་གཏོར་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་པ་དང་། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པར་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ལྷག་པར་དུ་དབུལ་པོ་དབུལ་རྐྱང་གི་གནད་དོན་གཙང་སེལ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་དང་ལས་དབང་། རྒྱལ་ཕམ་བཅས་ཐད་ཀར་ཐག་གཅོད་བྱེད་ཀྱིན་ཡོད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་ཐག་གཅོད་བྱས་ཡོད་པས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་པ་ཡིན་ན། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཞི་ནས་་མདུན་ལྗོངས་ཆེན་པོ་ལྡན་པ་དང་དར་རྒྱས་གོང་འཕེལ་ཡོང་ཐུབ། དེ་ལྟར་མ་བྱས་ཚེ་་འཕེལ་ཕྱོགས་དང་བྲལ་ཞིང་བླ་སྲོག་ཤོར་སྲིད་པ་དང་། ཐ་ན་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཡང་འབྱུང་སྲིད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གཏན་འཁེལ་བྱེད་པའི་འབད་འཐབ་དམིགས་འབེན་བརྟན་པོ་མངོན་འགྱུར་བྱ་རྒྱུར་འགན་ལེན་བྱས་པ་དང་། རང་རེའི་ཏང་གི་འབད་འཐབ་དམིགས་འབེན་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ལ། མི་རབས་ནས་མི་རབས་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བར་བརྟེན། གཞི་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་བཀོད་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་བསྐྱེད་དེ། ང་ཚོའི་ཏང་གིས་བཅོས་སྒྱུར་གསར་གཏོད་བྱེད་ཕོད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་རྒྱུན་ཆད་མེད་པར་ཡོ་བསྲང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྡུད་བྱས་པ་དང་།  རང་རེའི་ཏང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་འཕེལ་རྒྱས་བཏང་བ། མི་དམངས་ཡོངས་བདག་པོ་ཡིན་པའི་སྙིང་སྟོབས་ཆེར་སྐྱེད་བཅས་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཅིག་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པ་ལ་ཅིས་ཀྱང་དེང་རབས་ཅན་གྱི་སྤྱིར་བཏང་གི་ཆོས་ཉིད་བརྩི་སྲུང་བྱེད་དགོས་ལ། རང་རྒྱལ་ཁབ་ཀྱི་དོན་དངོས་དང་སྔར་ལས་འཚམ་པར་བྱས་ནས། རྒྱལ་ཁབ་དེའི་ཁྱད་ཆོས་མངོན་པར་གསལ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ཡོད་པ་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་འཚམ་པའི་ཁྱད་ཆོས་མངོན་གསལ་ཡང་ལྡན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་གྲངས་ཀྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་ཞིག་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བར་བརྩོན་པའི་དེང་རབས་ཅན་ཞིག དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཞིག མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་ལམ་དུ་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན་པ་བཅས་ཕྱོགས་ལྔ་ཡི་ཐད་ནས་ཀྲུང་གོའི་ལུགས་ལ་ཕྱོགས་བསྡོམས་གསལ་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གི་དོན་སྙིང་གསལ་སྟོན་གཏིང་ཟབ་བྱས་ཡོད་ཅིང་། འདི་ནི་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་ཡིན་ལ། ལག་ལེན་གྱི་བླང་བྱ་ཡང་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་གསལ་སྟོན་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་དུ། ང་ཚོས་ལོ་ངོ་བཅུ་ཕྲག་འགའི་དུས་ཚོད་སྤྱད་དེ་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་དུ་མར་བསྐྱོད་མྱོང་བའི་བཟོ་ལས་ཅན་གྱི་ལོ་རྒྱུས་ཀྱི་ལམ་དུ་བསྐྱོད་ཚར་བར་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བའི་བྱས་རྗེས་ངོ་མཚར་ཅན་གསར་དུ་བཏོད་པར་བརྟེན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་མདུན་ལྗོངས་རྒྱ་ཆེན་པོ་བསྐྲུན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་དངོས་སུ་བསྐྱོད་པ་བརྟན་པོ་ཡིན་པ་དེ་ནི། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བགྲོད་ལམ་ཡང་དག་ཉག་ཅིག་ཡིན་པ་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་གསལ་བོ་བྱས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གཞི་རྐང་དུ་བཟུང་ཡོད་ཅིང་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་ངོ་བོ་མཚོན་ཡོད་ལ།  མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་མཐའ་དག་དཔྱད་གཞིར་བཟུང་བ་དང་བསྡུ་ལེན་བྱས་ཡོད་པས། དེས་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་པ་དང་། ནུབ་ཕྱོགས་ཀྱི་དེང་རབས་ཅན་གྱི་རྣམ་པར་མི་འདྲ་བའི་རྣམ་པ་གསར་པ་མངོན་ཡོད་པས། དེ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་རྐྱང་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས“དེང་རབས་ཅན་དང་ནུབ་ཕྱོགས་ཅན”གྱི་བསམ་བློའི་འཆིང་རྒྱ་གཏོར་བ་དང་། དེང་རབས་ཅན་གྱི་རྣམ་པ་གཞན་ཞིག་མངོན་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལམ་རྒྱ་ཆེ་རུ་བསྐྱེད་པ་དང་། མིའི་རིགས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཚོགས་ལམ་ལུགས་འཚོལ་ཞིབ་བྱ་རྒྱུར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མངའ་བའི་དམིགས་བསལ་གྱི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། དཔལ་ཡོན་གྱི་ལྟ་བ། དམངས་གཙོའི་ལྟ་བ། སྐྱེ་ཁམས་ཀྱི་ལྟ་བ་སོགས་དང་། དེ་བཞིན་དེའི་རླབས་ཆེན་ལག་ལེན་བཅས་ནི་འཛམ་གླིང་གི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་རང་བཙན་རང་བདག་དེ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་མིག་དཔེ་བསྟན་ནས་དེར་གདམ་ག་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་བཟོ་བཀོད་ཅིག་ཡིན་པས། གཅིག་གྱུར་འཆར་འགོད་དང་བརྒྱུད་རིམ་ལྡན་པའི་འཆར་འགོད། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་ལས་གཞན། རྩེ་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ། འཐབ་ཇུས་དང་ཇུས་ཆོད། དག་སྲུང་དང་གསར་གཏོད། ལས་ཆོད་དང་དྲང་སྙོམས། གསོན་ཤུགས་དང་སྒྲིག་ལམ། རང་སྟོབས་རང་སྤེལ་དང་ཕྱི་ཕྱོགས་སྒོ་འབྱེད་སོགས་ཀྱི་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་ཡག་པོ་བྱེད་དགོས། རྩེ་རིམ་ཇུས་འགོད་བྱེད་པར་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཁོང་དུ་ཆུད་པར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་གཏིང་ཟབ་བཅས་བྱས་ཏེ། འཆར་འགོད་དང་སྲིད་ཇུས་མ་ལག་ལས་དུས་རབས་ཀྱི་རང་བཞིན་མངོན་གང་ཐུབ་བྱེད་པ་དང་། དེའི་ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པར་བྱེད་པ། གསར་གཏོད་རང་བཞིན་མངོན་པ་བཅས་བྱས་ནས། ཉེ་རིང་ཟུང་འབྲེལ་དང་གོང་འོག་འབྲེལ་མཐུད། ནང་དོན་མཐུན་སྦྱོར་བཅས་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་འཚོལ་ཞིབ་རང་བཞིན་གྱི་བྱ་གཞག་ཅིག་ཡིན་ཞིང་། དེ་ལ་ད་དུང་ཤེས་མེད་པའི་ཁྱབ་ཁོངས་མང་པོ་ཞིག་གནས་སྲིད་པས་ན། ང་ཚོས་ལག་ལེན་ཁྲོད་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་སྒྱུར་བཅོས་གསར་གཏོད་བྱེད་པར་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་ལས། རྨོངས་ཚོད་འོལ་ཚོད་དང་སྡོང་རྩ་ནས་རི་བོང་ལ་སྒུག་པ་ལྟ་བུའི་བསམ་ཚུལ་གཏན་ནས་འཛིན་མི་རུང་། འཐབ་ཇུས་ཀྱི་རྒྱང་ལྟའི་རང་བཞིན་ཆེ་རུ་གཏོང་བ་དང་བྱ་དངོས་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་འཕྱུགས་མེད་ཁོང་དུ་ཆུད་པར་བྱེད་པ། མདུན་སྐྱོད་ལམ་བུའི་སྟེང་ཐོན་སྲིད་པའི་གོ་སྐབས་དང་འགྲན་སློང་ཅི་རིགས་ཚོར་དབང་རྣོན་པས་རྟོགས་པར་བྱེད་པ། ཚན་རིག་དང་མཐུན་པའི་འཐབ་ཇུས་ལ་བརྟེན་ནས་འབྱུང་འགྱུར་སྔོན་དཔག་དང་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད་དགོས། འཐབ་ཇུས་ཀྱི་ཁྱོན་ཡོངས་རང་བཞིན་ལ་ཤུགས་སྣོན་པ་དང་འཐབ་ཇུས་ཀྱི་དམིགས་འབེན་འཆར་འགོད་བྱེད་པ། འཐབ་ཇུས་ཀྱི་བྱེད་ཐབས་བཟོ་བ། འཐབ་ཇུས་ཀྱི་སྟེང་ནས་བཀོད་སྒྲིག་བྱེད་པ་བཅས་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒུད་དང་རྒྱལ་ཕམ་ལ་འབྲེལ་བ་ཡོད་པའི་དབང་གིས། ལུས་སྟེང་གི་སྐྲ་གཅིག་འཐེན་ན་ལུས་པོ་ཡོངས་རྫོགས་ལ་གནོད་པའི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུ་དམིགས་སུ་འཛིན་དགོས། འཐབ་ཇུས་ཀྱི་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་དགོས་ན། འཐབ་ཇུས་གྲུབ་མ་ཐག་ཏུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་དམ་འཛིན། ཡོངས་འགྲུབ་་བཅས་བྱེད་དགོས་པ་ལས། གང་འདོད་ལྟར་སྒྱུར་བཅོས་བྱེད་མི་རུང་། འཐབ་ཇུས་ཀྱི་རྩ་དོན་རང་བཞིན་དང་ཐབས་ཇུས་ཀྱི་བབ་བསྟུན་རང་བཞིན་ཟུང་འབྲེལ་དམ་ཚགས་བྱས་ཏེ། གང་འགབ་ཅི་འོས་དང་སྐབས་བསྟུན་བཅོས་སྒྱུར། སྐབས་བསྟུན་ཐག་གཅོད། ཡུལ་བབ་དང་བསྟུན་པ། བབ་དང་བསྟུན་ནས་འགུལ་སྐྱོད་བྱེད་པ། གནས་བབ་དང་བསྟུན་ནས་འཐབ་ཇུས་ཀྱི་རང་དབང་ཁོང་དུ་ཆུད་པ་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡང་དག་པའི་ཁ་ཕྱོགས་ལ་འགན་ལེན་ཡང་དག་བྱེད་དགོས། གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མངོན་གསལ་ཆེ་བའི་གནས་བབ་སྟེང་བཞག་ནས། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་དམ་དུ་དམིགས་པ། བབ་བསྟུན་འགྱུར་ལྡོག་དང་འགྱུར་ལྡོག་དོན་གཉེར་བྱ་རྒྱུར་ངོས་འཛིན་ཧུར་ཐག་བྱེད་པ། བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད་དགོས། མ་རྩ་རིང་ལུགས་ལས་མཐོ་བའི་ལས་ཆོད་བསྐྲུན་དགོས་ལ། སྤྱི་ཚོགས་ཀྱི་དྲང་བདེན་ལ་སྲུང་སྐྱོབ་སྔར་ལས་ནུས་ལྡན་བྱས་ནས། ལས་ཆོད་དང་དྲང་བདེན་གཉིས་ཀར་ཕན་ཚུན་ལྟ་རྟོག་དང་ཕན་ཚུན་སྐུལ་འདེད། ཕན་ཚུན་གཅིག་གྱུར་བཅས་ཡོང་བར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ནུས་ཇེ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་བཅས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་དགོས། རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས། འཛམ་གླིང་གི་ཐོན་ལས་ལས་བགོས་དང་མཉམ་ལས་ཁྲོད་ཟབ་ཞུགས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བར་སྟོང་ཡངས་པོར་འབྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་ལྡན་པའི་བྱ་གཞག་ཅིག་ཡིན་པས། སྔོན་དཔག་བྱེད་མི་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་ཅི་རིགས་དང་དཀའ་ངལ་དང་ཉེན་ཁ་སྣ་ཚོགས། ཐ་ན་དེ་ལས་ཀྱང་འཇིགས་སུ་རུང་བའི་དོན་རྐྱེན་ཅི་རིགས་ལ་འཕྲད་སྲིད་པས།  ངེས་པར་དུ་འོལ་ཚོད་བྱེད་དཀའ་བའི་དོན་རྐྱེན་འབྱུང་ཉེན་ཆེ་བའི་འདུ་ཤེས་འཛིན་ཤུགས་ཇེ་ཆེར་གཏོང་བ་དང་། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། བདེ་དུས་ཉེན་ཁ་དྲན་པར་བྱེད་པ་དང་། མ་འོངས་སྔོན་འགོག་བྱེད་པ། འཐབ་རྩོད་བྱེད་ཕོད་པར་བྱེད་པ། འཐབ་རྩོད་བྱེད་མཁས་པར་བྱེད་པ་བཅས་བྱས་ནས། ཞུམ་པ་མེད་པའི་འཐབ་རྩོད་བྱས་པ་བརྒྱུད་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་བསྐྲུན་དགོས། འཐབ་ཇུས་ཀྱི་རིག་པ་གསལ་བོ་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་གདེང་ཚོད་ཡོད་པར་བྱ་དགོས། འཐབ་ཇུས་ཀྱི་གདེང་ཚོད་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་ཀྱི་གདིང་ཤུགས་ཇེ་ཆེར་གཏོང་བ་དང་། འཐབ་ཇུས་ཀྱི་རང་འགུལ་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་འཇོན་ཐང་ཇེ་ཆེར་གཏོང་དགོས། ནུས་པ་ཆེ་རུ་གཏོང་བ་ལ་ཤུགས་བསྣན་ཏེ། མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པར་བསམ་བློའི་སྟེང་ནས་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་སྟེང་ནས་སྦྱོང་བརྡར། ལག་ལེན་གྱི་སྟེང་ནས་སྦྱོང་བརྡར། ཆེད་ལས་ཀྱི་ངོས་ནས་སྦྱོང་བརྡར་བཅས་ནན་མོ་མྱོང་དུ་འཇུག་པ་དང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་དུ་དཀའ་སྡུག་ཅི་རིགས་ཐེག་ཐུབ་པར་བྱེད་པ་དང་།  ཤེས་རྒྱ་མཐོང་རྒྱ་བསྐྱེད་པ། སྙིང་སྟོབས་ཆེ་རུ་བསྐྱེད་པ། འཇོན་ཐང་རྒྱས་པ་བཅས་ཡོང་བར་བྱེད་དགོས། ཛ་དྲག་དང་རྙོག་འཛིང་ཆེ་བའི་འཐབ་རྩོད་དངོས་ཀྱི་ཁྲོད་དུ་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་པར་དོ་སྣང་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་འགན་འཁུར་ཕོད་པ། ལས་དོན་སྒྲུབ་ཕོད་པ། དམ་འཛིན་དང་ལེགས་གཉེར་བྱེད་ཕོད་པ་བཅས་བྱས་ནས། མི་ལ་ཕོག་ཐུག་གཏོང་བར་མི་འཛེམ་པའི་ལས་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་དགོས་པ་དང་། བརྟག་དཔྱད་བྱས་ཏེ་གནད་ཁེལ་བྱུང་བའི་མི་བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱེད་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་མགོ་རྩོམ་ལོའི་ལས་དོན་དམ་འཛིན་ལེགས་པོ་བྱེད་པ་ནས་བསྒྲུབ་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བར་བྱ་རྒྱུ་ལས་དོན་ཀུན་གྱི་གཙོ་བོར་འཛིན་པ། བརྟན་པོའི་ངང་ཡར་རྒྱས་ཡོང་བར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚོང་གཉེར་རང་བདག་གི་ཡིད་ཆེས་དང་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་པོ་ཡོང་བར་ཁྲིད་སྟོན་སྔར་ལས་གང་ལེགས་བཅས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་ལེགས་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་སྣ་མང་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་གཏོང་བ། ཆབ་སྲིད་ཀྱི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན། དམིགས་འབེན་རང་བཞིན། སློབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དེ་ཏང་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཡང་དག་པ་ལེན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བརྟན་པོར་ངེས་པར་བྱེད་པ། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་པ། སྐྱོད་ལམ་གསར་པའི་སྟེང་དུ་ཏང་དང་རྒྱལ་ཁབ་ཀྱིལས་དོན་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ང་ཚོས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་པ། ས་ཁུལ་དེ་རང་དང་སྡེ་ཁག་དེ་རང་། ལས་ཁུངས་དེ་རང་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་མོ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ཡིན་པའི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་གཞན་དག་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་མགོ་རྩོམ་མཛད་སྒོར་ཞུགས།

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་གཙོ་བོ། བཅིངས་འགྲོལ་དམག་གི་ལས་ཁུངས་སོ་སོ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བགྲོ་གླེང་འཛིན་གྲྭར་ཞུགས།  དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་ཕྱོགས་བཅས་ཀྱི་འགན་འཁུར་བློ་མཐུན་རྣམས་མགོ་རྩོམ་མཛད་སྒོར་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།