ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་མཁོ་འཚོང་མཉམ་ལས་ཁང་མ་ལག་གིས་ནུས་ཤུགས་ཡོད་རྒུས་ད་ལོའི་དཔྱིད་འདེབས་ཞིང་ལས་དངོས་རྫས་ཀྱི་འདོན་སྤྲོད་བྱ་བར་འགན་སྲུང་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས5ཉིན་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་ནས་རྒྱུས་ལོན་པ་ལྟར་ན། མཁོ་འཚོང་སྤྱི་ཁྱབ་ཁང་གིས་ཉེ་ལམ་བརྡ་སྦྱོར་ཁྱབ་བསྒྲགས་བྱས་ཏེ་མ་ལག་ཡོངས་ཀྱིས་ཞིང་ལས་དངོས་རྫས་འདོན་སྤྲོད་འགན་སྲུང་བྱ་བའི་ཆབ་སྲིད་འགན་འཁྲི་འཁུར་ནས། མཁོ་འཚོང་མཉམ་ལས་ཁང་གི་ཞིང་ལས་དངོས་རྫས་འཁོར་རྒྱུག་འབྲེལ་ལམ་གཙོ་བོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས2023ལོའི་དཔྱིད་འདེབས་ཞིང་ལས་ཐོན་སྐྱེད་ཐད་ཀྱི་ལུད་རྫས་དང་ཞིང་སྨན་འདོན་སྤྲོད་བྱ་བར་འགན་སྲུང་བྱས་ཏེ། དབྱར་འབྲུ་ལ་ལོ་ལེགས་འབྱུང་བར་རྨང་གཞི་ཡག་པོ་གཏོང་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ལྟར་ན། ཞིང་ཆེན་སོ་སོའི་མཁོ་འཚོང་མཉམ་ལས་ཁང་གིས་སྔར་ལས་ལྷག་པར་ཞིང་ལས་དངོས་རྫས་འདོན་སྤྲོད་འགན་སྲུང་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་ལས་དངོས་རྫས་འགན་སྲུང་འདོན་སྤྲོད་བྱ་བའི་ཆེད་དོན་བརྟན་བརླིང་དུ་གཏོང་དགོས་ཤིང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཞིང་ལས་དངོས་རྫས་འཕྲལ་བསྟུན་འགན་སྲུང་འདོན་སྤྲོད་མ་ལག་བཙུགས་ཏེ། གོང་འོག་མཉམ་འབྲེལ་གྱི་ཡུན་རིང་གི་ལམ་ལུགས་གྲུབ་ནས། ཞིང་ལས་དངོས་རྫས་འཕྲལ་བསྟུན་མཉམ་ལས་ཁང་གི་བཀོད་འདོམས་བཀོད་གཏོང་མ་ལག་དང་མཉམ་ལས་ཁང་གི་ཞིང་ལས་དངོས་རྫས་ཁེ་ལས་ལས་སྒོའི་གཉེར་སྐྱོང་མ་ལག་གི་འབྲེལ་མཐུད་དང་འཁོར་རྒྱུག་ལ་ཁག་ཐེག་བྱེད་དགོས།

བརྡ་སྦྱོར་ལས་རིམ་པ་སོ་སོའི་མཁོ་འཚོང་མཉམ་ལས་ཁང་གིས་མུ་མཐུད་དུ་ཞིང་ལས་དངོས་རྫས་ཞབས་ཞུ་ནང་དོན་དང་ཐབས་ལམ་གསར་གཏོད་དང་ལེགས་སྒྱུར་བྱས་ཏེ། ལག་རྩལ་མཛུབ་སྟོན་ལ་ཤུགས་སྣོན་དང་དཔྱིད་ཀའི་ཐན་པ་དང་གྲང་ངར། འབུའི་གནོད་འཚེ་སོགས་ལ་ཁ་གཏད་འཇལ་ནས། ནུས་ཤུགས་ཡོད་རྒུས་ས་རྒྱུའི་ཞིབ་བཤེར་དང་གཅིག་གྱུར་འགོག་བཅོས། ཞིང་ལས་ལས་སྒྲུབ་སོགས་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྤེལ་ཏེ། ཐོན་རྫས་བསྐྱལ་བ་དང་ལག་རྩལ་བསྐྱལ་བ། ཞབས་ཞུ་བསྐྱལ་བའི་འཁོ་འཚོང་ཞིང་ལས་དངོས་རྫས་གཞི་རིམ་དུ་བསྐྱལ་བའི་བྱ་འགུལ་སྤེལ་བར་རྩ་འཛུགས་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས་བྱས་ཏེ་འདོན་སྤྲོད་རྒྱ་བསྐྱེད་པ་དང་ཞབས་ཞུ་ཇེ་ལེགས་སུ་བསྒྱུར་ནས། ཞིང་ལས་དངོས་རྫས་འཁོར་རྒྱུག་གི་མ་རྩ་ཇེ་དམའ་རུ་བཏང་།

རྒྱུས་ལོན་པ་ལྟར་ན། ད་ལོའི་དཔྱིད་འདེབས་ཞིང་ལས་དངོས་རྫས་འདོན་སྤྲོད་འདེང་ངེས་ལ་འགན་སྲུང་བྱ་ཆེད། ན་ནིང་ནས་བཟུང་རྒྱལ་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་མ་ལག་གིས་ཉོ་སྒྲུབ་དང་གཏོང་འདྲེན། གསོག་འཇོག་བཅས་ཀྱི་བྱེད་ཤུགས་ཇེ་ཆེར་བཏང་ནས། 2022ལོའི་དུས་ཚིགས་བཞི་བོར་བསྡོམས་པས་བཟོ་གྲྭ་ནས་ལུད་རྫས་ཏུན་ཁྲི4163.2དང་ཞིང་སྨན་ཏུན་ཁྲི43.3ཉོ་སྒྲུབ་བྱས་པ་དང་། ཚོད་རྩིས་ལྟར་ན་ད་ལོར་ད་དུང་ལུད་རྫས་ཏུན་ཁྲི3500དང་ཞིང་སྨན་ཏུན་ཁྲི30ཡས་མས་ཉོ་སྒྲུབ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གིས་གོ་རིམ་ལྟར་ཚོང་རར་གཏོང་བར་བཀོད་སྒྲིག་བྱས་ནས། ཞིང་བ་རྣམས་ཀྱིས་དུས་ལྟར་ཞིང་ལས་དངོས་རྫས་བཀོལ་སྤྱོད་ཐུབ་པར་ཁག་ཐེག་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།