ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧང་ག་རིའི་ཧང་ཀྲུང་སྐད་གཉིས་སློབ་གྲྭའི་སློབ་མར་འཕྲིན་ལན་སྤྲིངས་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིའི་ཧང་ཀྲུང་སྐད་གཉིས་སློབ་གྲྭའི་སློབ་མར་འཕྲིན་ལན་སྤྲིངས་ཏེ། ཧང་ག་རིའི་གཞོན་ནུ་ལོ་ཆུང་ཚོས་སྔར་ལས་ཀྲུང་གོར་རྒྱུས་ལོན་བྱས་ཤིང་། ཀྲུང་གོ་དང་ཧང་ག་རིའི་མཛའ་མཐུན་ལས་དོན་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་ཕོ་ཉ་རུ་འགྱུར་བར་སྐུལ་ལྕག་གནང་བ་རེད། 

ཞི་ཅིན་ཕིང་གིས། ཡོས་ལོའི་དཔྱིད་གསར་དུས་ཆེན་སྐབས་ཁྱེད་ཚོའི་བསྐུར་ཡོང་བའི་འཕྲིན་ཡིག་འབྱོར་བས་ངེད་དང་སྐུ་ཟླ་གཉིས་ཧ་ཅང་དགའ་པོ་བྱུང་ཡོད། 2009ལོར་ཧང་ཀྲུང་སྐད་གཉིས་སློབ་གྲྭའི་དགེ་སློབ་ཚོ་དང་བསམ་བློ་བརྗེ་རེས་བྱས་པའི་རྣམ་པ་ངའི་སེམས་སུ་གསལ་ལེ་འཆར་བཞིན་འདུག ཁྱེད་ཚོས་དུས་ཡུན་རིང་པོར་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དེ་ཀྲུང་གོ་དང་ཧང་ག་རི་བར་གྱི་མཛའ་མཐུན་ལ་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་ཡོད་པ་མཚོན་པས་ངས་ཁྱེད་ཚོར་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་བསྟན། 

ཞི་ཅིན་ཕིང་གི་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧང་ག་རི་ཚང་མར་ལོ་རྒྱུས་ཀྱི་ཡུན་རིང་ཞིང་མཚར་སྡུག་འོད་སྟོང་འཕྲོ་བའི་རིག་གནས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་སྲོལ་རྒྱུན་གྱི་མཛའ་གྲོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཉིན་རེ་བཞིན་སྤེལ་རེས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཁྱེད་ཚོ་མཐོ་འབྲིང་ནས་སློབ་མཐར་ཕྱིན་རྗེས་ཀྲུང་གོའི་སློབ་ཆེན་དུ་སློབ་སྦྱོང་བྱེད་དུ་ཕེབས་བར་དགའ་བསུ་ཞུ་རྒྱུ་ཡིན་ལ་ཧང་ག་རིའི་གཞོན་ནུ་ལོ་ཆུང་དེ་ལས་མང་བ་ཞིག་རྒྱ་ཡིག་ལ་དགའ་བ་དང་རྒྱ་ཡིག་སྦྱོང་བར་དགའ་བོ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་བར་རེ་བ་ཆེན་པོ་ཡོད། རྗེས་ཕྱོགས་གོ་སྐབས་བྱུང་ཚེ་ཀྲུང་གོར་ཕེབས་ནས་དེང་གི་ཀྲུང་གོ་དང་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་མང་ཙམ་བྱས་ཏེ་ཀྲུང་གོ་དང་ཧང་ག་རིའི་མཛའ་མཐུན་ལས་དོན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཕོ་ཉ་རུ་འགྱུར་བར་འབད་བརྩོན་བྱེད་དགོས།

ཧང་ཀྲུང་སྐད་གཉིས་སློབ་གྲྭ་ནི2004ལོའི་ཟླ9པར་བཙུགས་ཤིང་། དེ་ནི་ཡོ་རོབ་དབུས་ཤར་ས་ཁུལ་དུ་རྒྱ་ཡིག་དང་རྒྱལ་ཁབ་དེ་གའི་སྐད་ཡིག་ཟུང་འབྲེལ་སྒོས་སློབ་ཁྲིད་བྱེད་པའི་གཞུང་བཙུགས་ཉིན་ཧྲིལ་བོ་ལམ་ལུགས་ཀྱི་སློབ་གྲྭ་གཅིག་པུ་ཡིན་ལ། ད་སྐབས་ལོ་རིམ12དང་འཛིན་གྲྭ20ཡོད་ལ་སློབ་ཞུགས་སློབ་མ530ལྷག་ཡོད་པ་རེད། 2009ལོའི་ཟླ10པར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་ཧང་ག་རིར་འཚམས་འདྲི་གནང་སྐབས་ཧང་ཀྲུང་སྐད་གཉིས་སློབ་གྲྭར་རྟོག་ཞིབ་གནང་མྱོང་བ་རེད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔོན་ཏག་ཏག་ལ་སློབ་གྲྭ་དེ་གའི་སློབ་མ་ཧུའུ་ལིང་ཡུའེ་དང་སུང་ཀྲི་ཞའོ་གཉིས་ཀྱིས་སློབ་གྲྭའི་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོའི་ཡུལ་སྲོལ་གོམས་གཤིས་ལྟར་ལོ་སར་ལ་འཚམས་འདྲི་ཞུས་པ་མ་ཟད། སློབ་གྲྭའི་ནང་ལོ་ངོ12རིང་རྒྱ་ཡིག་སློབ་སྦྱོང་བྱས་པའི་མྱོང་ཚོར་གླེང་ཞིང་ཁོ་ཚོས་མ་འོངས་པར་ཀྲུང་གོའི་སློབ་ཆེན་ནང་ཞུགས་ཏེ་ཧང་ཀྲུང་མཛའ་མཐུན་ཐད་ལེགས་སྐྱེས་འབུལ་རྒྱུའི་བསམ་འདུན་ཡོད་ཚུལ་གླེང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།