ཀྲུང་གོ་བོད་ཀྱི་དྲ་བ།

ཆིན་ཀང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཧུའུ་ཁི་སི་ཐི་ལ་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར། ཨ་ཀེན་ཐིན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་ཧྥེ་ཡེ་ལོ་བཅས་ལ་ཁ་པར་བཏང་།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས30ཉིན། ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཧུའུ་ཁི་སི་ཐི་ལ་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར། ཨ་ཀེན་ཐིན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་ཧྥེ་ཡེ་ལོ་བཅས་ལ་ཁ་པར་བཏང་།

ཆིན་ཀང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། རིམ་པ་སོ་སོའི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་བསྣན་ནས། སྒོ་འབྱེད་དངོས་གཉེར་གྱི་ཀྲུང་གོ་དང་ཧོ་ལན་བར་གྱི་ཕྱོགས་ཡོངས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་སོགས་སྣ་མང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། སྒོ་འབྱེད་ལས་ཁ་བྲལ་མིན་པ་དང་གོ་རིམ་ལྡན་པ་ལས་རྙོག་འཛིང་མིན་པའི་རྒྱལ་སྤྱིའི་ཉོ་ཚོང་ཁོར་ཡུག་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།

ཆིན་ཀང་གིས་བཤད་རྒྱུར། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོ་དང་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དབུ་ཚོགས་ལ་ཞུགས་པར་མ་ཟད་སོ་ཏི་ཨ་རབ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་ཕན་འབྲས་བཟང་བོ་ཐོབ། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་དབུ་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ་དང་ཀྲུང་གོ་དང་མཚོ་ཁུགས། ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་བར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ། ཀྲུང་གོ་དང་མཚོ་ཁུགས་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་ཞིང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་སོགས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོབ་བྱེད་འདོད་ཡོད།

ཆིན་ཀང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཀེན་ཐིན་ནི་གྲོགས་པོ་བཟང་བོ་དང་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཨ་ཀེན་ཐིན་གྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། མཉམ་ལས་མཉམ་རྒྱལ་གྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱས་ནས། ཀྲུང་གོ་དང་ཨ་རབ་བར་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་ཨ་རབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་འབྲེལ་འདྲིས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་མཉམ་དུ་དངོས་འབེབས་བཟང་བོ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། ཀྲུང་གོ་དང་ཧོ་ལན་ཕྱོགས་གཉིས་ཀྱིས་ད་དུང་འཇར་པན་སྲིད་གཞུང་གིས་མཚོ་ནང་དུ་ཉིང་རྡུལ་བཙོག་ཆུ་གཏོང་རྒྱུ་ཐག་བཅད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་དོན་དག་དེ་ནི་མིའི་རིགས་ཀྱི་བདེ་ཐང་དང་རྒྱ་མཚོའི་ཁོར་ཡུག་དང་འབྲེལ་བ་ཡོད་པར་སྙམ་པས་མུ་མཐུད་དུ་འབྲེལ་འདྲིས་སྲུང་འཛིན་བྱེད་པར་འཐད་པ་བྱུང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།