ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་དགུན་དཔྱིད་དུས་ཀྱི་རོགས་སྐྱོར་མ་དངུལ་ཡོངས་རྫོགས་རྩིས་སྤྲོད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་གི་དགུན་དཔྱིད་དུས་ཀྱི་རོགས་སྐྱོར་མ་དངུལ་ཡོངས་རྫོགས་རྩིས་སྤྲོད་བྱས་པ་དང་། གནོད་ཐེབས་དང་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི3200སྤྲོ་སྐྱིད་ལྡན་པའི་ལོ་སར་རོལ་བར་རོགས་སྐྱོར་བྱས།

ངོ་སྤྲོད་བྱས་པ་ལྟར་ན། 2022ལོར། རང་རྒྱལ་གྱི་ས་གནས་མང་པོར་ས་འགུལ་དང་ཆུ་ལོག ཐན་པའི་གནོད་འཚེ་ཐེབས་པས། གནོད་ཐེབས་མང་ཚོགས་སྐོར་ཞིག་གི་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཐེབས། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ན་ནིང་གི་ཟླ12པར་ཞིང་ཆེན24(ཆུས་དང་གྲོང་ཁྱེར)དང་ཞིན་ཅིང་ཐོན་སྐྱེད་དམག་དཔུང་དང་། བསྡོམས་པས་རྫོང་རིམ་པའི་ལས་ཁུངས1714ལ་མ་དངུལ་སྒོར་དུང་ཕྱུར54.76རྩིས་སྤྲོད་བྱས་ཏེ། ས་གནས་ཀྱིས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱས། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ལས་གཞན། ཧུའུ་པེ་དང་ཀུའེ་ཀྲུའུ། ཧོ་པེ་སོགས་ཞིང་ཆེན18ཀྱིས་དུས་མཉམ་དུ་ཞིང་ཆེན་རིམ་པའི་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར3.3བཀོད་སྒྲིག་བྱས་ཏེ། སི་ཁྲོན་དང་ཡུན་ནན་སོགས་ཞིང་ཆེན་ལ་ཁྲི65ལྷག་དང་རིན་ཐང་སྒོར་ཁྲི7886ཡི་སྲིང་བལ་གྱོན་གོས་དང་ཉལ་ཆས་སོགས་ཀྱི་དངོས་རྫས་གཏོང་སྤྲོད་བྱས་ནས། དུས་ཐོག་ཏུ་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་རྩིས་སྤྲོད་བྱས།

ཉིན་དེར། དྲོད་ཚད་དམའ་བའི་གངས་ཆར་གནམ་གཤིས་ཀྱིས་རང་རྒྱལ་གྱི་ས་ཆ་མང་པོར་ཤུགས་རྐྱེན་ཐེབས་པ་དང་། མང་ཚོགས་སྐོར་ཞིག་གི་དྲོད་ལེན་དང་འཚོ་བར་དཀའ་ཁག་བཟོས་ཡོད་པས། འཕྲལ་བསྟུན་དོ་དམ་པུའུ་ཡིས་ས་གནས་སོ་སོའི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་རྒྱུན་མཐུད་ངང་གནོད་འཚེ་རོགས་སྐྱོར་བྱ་བའི་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་ཏེ། དྲོད་ཁོལ་ལྡན་པའི་ངང་ནས་དགུན་རོལ་བར་ཁག་ཐེག་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།