ཀྲུང་གོ་བོད་ཀྱི་དྲ་བ།

ཆིན་ཀང་གིས་ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ལས་ཚབ་ཕྱི་འབྲེལ་པུའུ་ཀྲང་མུའུ་ཐཱ་ཅིས་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས21ཉིན། ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ལས་ཚབ་ཕྱི་འབྲེལ་པུའུ་ཀྲང་མུའུ་ཐཱ་ཅིས་ལ་ཁ་པར་བཏང་།

ཆིན་ཀང་གིས་ལུགས་རྙིང་ལོ་སར་དུས་ཆེན་གྱི་སྐབས་འདིར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་སྒྲིག་གཞི། ལས་གཞི་བཅས་ཀྱི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། ཨ་ཧྥུའུ་ཧན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་སྒྲིག་གཞིའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཟེར།

མུའུ་ཐཱ་ཅིས་ཀྱིས་ཀྲུང་གོའི་མི་དམངས་ལ་ལོ་སར་དུས་ཆེན་གྱི་འཚམས་འདྲི་ཞུས་ཏེ། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་སྟོབས་ཤུགས་གང་རུང་ཞིག་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་གཏོར་བཤིག་གཏོང་བ་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་པ་གཏོང་བའི་བྱ་སྤྱོད་གཏན་ནས་སྤེལ་དུ་མི་འཇུག་པ་དང་། འཇིགས་སྐུལ་རིང་ལུགས་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། བྱེད་ཐབས་ནུས་ལྡན་སྤྱད་དེ་ཨ་ཧྥུའུ་ཧན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་སྒྲིག་གཞིའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་ཟེར།

ཆིན་ཀང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥུའུ་ཧན་གྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཨ་ཧྥུའུ་ཧན་གྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་ཐོག་མཐའ་བར་གསུམ་དུ་བརྩི་འཇོག་བྱེད་པ། ཨ་ཧྥུའུ་ཧན་མི་དམངས་རང་ཉིད་ཀྱིས་བདམས་པའི་ལམ་བུར་བརྩི་འཇོག་བྱེད་པ།  ཨ་ཧྥུའུ་ཧན་གྱི་ཆོས་དད་རང་མོས་དང་མི་རིགས་ཀྱི་གོམས་གཤིས་ལ་བརྩི་འཇོག་བྱེད་པ། ཨ་ཧྥུའུ་ཧན་གྱི་ནང་སྲིད་ལ་ཐེ་གཏོགས་གཏན་ནས་མི་བྱེད་པ། ཨ་ཧྥུའུ་ཧན་ནས་སྒེར་གྱི་ཁེ་ཕན་གང་རུང་ཐོབ་པར་རེ་བ་མི་བཅའ་བ། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་རྒྱ་ཁྱབ་དང་ཁོང་ཡངས་ཀྱི་ཆབ་སྲིད་སྒྲོམ་གཞི་འཛུགས་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ། ཞི་འཇམ་དང་བརྟན་བརླིང་། བདེ་ཐང་བཅས་ཀྱི་ཕྱི་ནང་སྲིད་ཇུས་ལག་བསྟར་བྱེད་པ། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཁག་དང་ལྷག་པར་དུ་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་འགྲོ་འོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་མི་དམངས་ཀྱིས་མྱངས་པའི་སྡུག་བསྔལ་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད་ཅིང་། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་རོགས་རམ་སྔར་ལས་གང་མང་བྱེད་འདོད་ཡོད་ཟེར།

མུའུ་ཐཱ་ཅིས་ཀྱིས་ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུས་ནས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་གལ་འགངས་ཆེ་བའི་ནུས་པ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།