ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མར་སྒྲིག་ཁོངས་དང་ལས་གནས་ཡོད་པར་འགན་སྲུང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ལམ《སྐབས23པའི་སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མའི་ལས་ཞུགས་བྱ་བ་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》འགྲེམ་སྤེལ་བྱས་པ་དང་། བརྡ་ཐོའི་ནང་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མའི་ཆེད་དོན་ལས་བསྡུའི་བྱ་འགུལ་རྒྱུན་ཆད་མེད་པར་རྩ་འཛུགས་བྱས་ནས་སྒྲིག་ཁོངས་སྟོང་ཆ་སྔོན་ལ་བེད་སྤྱོད་བྱས་ནས་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  ལས་ཞུགས་ཀྱི་ཆ་རྐྱེན་དང་མཐུན་པའི་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མར་སྒྲིག་ཁོངས་ཡོད་ལ་ལས་གནས་ཀྱང་ཡོད་པར་འགན་སྲུང་བྱས་ཏེ། “སྒྲིག་ཁོངས་ཡོད་ཀྱང་ཁ་གསབ་མེད་པའི”རིགས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང2023ལོའི་ཟླ5པའི་ཟླ་མཇུག་སྔོན་དུ། གཞུང་དངུལ་སྤྲད་པའི་དགེ་ཐོན་སློབ་མ90%ཡིས་ཕྱོགས་གཉིས་ནས་སློབ་ཁྲིད་བྱེད་སའི་སློབ་གྲྭ་འདེམས་ཏེ་དགེ་རྒན་གྱི་ལས་འགན་ཁུར་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ལ། 2023ལོའི་ཟླ6པའི་ཟླ་མཇུག་ཏུ་ད་དུང་གན་རྒྱ་བཞག་མེད་པའི་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མས་རང་ཉིད་ཀྱི་ཡིག་ཚགས་དང་ཁྱིམ་ཐོ་སོགས་སློབ་ཁུངས་ཉར་སའི་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་དུ་སྤར་དགོས་པ་དང་། ཞིང་ཆེན་རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཅིག་གྱུར་སྒོས་དགེ་རྒན་དཀོན་པའི་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དུ་བཀོད་སྒྲིག་བྱ་རྒྱུ་དང་། གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མ་དག་སློབ་གྲྭ་ནས་མཐར་ཕྱིན་སྐབས་ངེས་པར་དུ་སློབ་ཁྲིད་བྱེད་སའི་སློབ་གྲྭ་དངོས་འབེབས་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོ་ལས་ད་དུང་ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་སོ་སོས་སྒྲིག་ཁྲིམས་ལས་ཁུངས་དང་མཉམ་དུ་སློབ་གྲྭ་ཆུང་འབྲིང་གི་ཞིབ་བཤེར་གཏན་འབེབས་བྱས་པའི་དགེ་རྒན་གྱི་སྒྲིག་ཁོངས་སྤྱིའི་སྡོམ་འབོར་ནང་། སྔ་མོ་ནས་བཀོད་སྒྲིག་བྱེད་པ་དང་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མ་སྒྲིག་ཁོངས་ནང་བཀོད་སྒྲིག་བྱེད་པའི་འཆར་འགོད་གྲ་སྒྲིག་བྱེད་པ་སོགས་རང་ས་གནས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ལས་གནས་དགོས་མཁོ་སྤྱི་བསྡོམས་བྱ་དགོས། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་སོ་སོ་དང་ཁོངས་གཏོགས་དགེ་འོས་སློབ་ཆེན་སོགས་ཀྱི་འབྲེལ་ཡོད་ལས་ཀའི་སྡེ་ཁག་དང་མཐུན་སྦྱོར་མཉམ་ལས་བྱས་ཐོག དུས་བཅད་ལྟར་གྲོས་མོལ་བྱེད་པའི་ལམ་ལུགས་འཛུགས་པ་དང་།  གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མ་རྣམས་ཀྱི་ལས་ཞུགས་སྲིད་ཇུས་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།