ཀྲུང་གོ་བོད་ཀྱི་དྲ་བ།

འཕྲལ་བསྟུན་དོ་དམ་པུའུ་ཡིས་ལུགས་གསར་ལོ་སར་སྐབས་ཀྱི་བདེ་འཇགས་དོགས་ཟོན་ལས་དོན་བཀོད་སྒྲིག་བྱས་པ།​

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས29ཉིན་ལུགས་གསར་ལོ་སར་སྐབས་ཀྱི་བདེ་འཇགས་དོགས་ཟོན་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་པ་དང་། དམིགས་གཏད་ཡོད་པའི་བྱེད་ཐབས་ཀྱིས་དུས་ཆེན་སྐབས་ཀྱི་རིགས་སོ་སོའི་བདེ་འཇགས་ཉེན་ཁར་ཁ་གཏད་འཇལ་ཏེ། རྒྱལ་ཡོངས་ཀྱི་བདེ་འཇགས་གནས་བབ་བརྟན་བརླིང་རྒྱུན་འཁྱོངས་བྱེད་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་ལས་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱུང་བར་བདེ་འཇགས་འགན་སྲུང་བྱེད་དགོས། ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་ཏེ། ཉེན་ཁ་ཆེ་བའི་ལས་རིགས་ཀྱི་བདེ་འཇགས་འཁོར་སྐྱོད་ལ་འགན་སྲུང་བྱས་ཏེ། ལྕགས་བཞུ་ལས་རིགས་དང་འཛུགས་སྐྲུན་རྒྱུ་ཆས་སོགས་བཟོ་ཚོང་ཁེ་ལས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལས་དོན་ནན་ཏན་གྱིས་ལེགས་པོར་སྒྲུབ་དགོས་ཤིང་། དུས་ཆེན་སྐབས་ཀྱི་སྤྱི་བའི་བདེ་འཇགས་ལ་དམ་འཛིན་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཚོང་ར་ཆེན་མོ་དང་ཚོང་ཁང་ཆེན་མོ། ཡུལ་སྐོར་ལྗོངས་རྒྱུ་ཁུལ་སོགས་མི་སྣ་མང་པོ་འདུས་ས་དང་གསར་དུ་ཚོང་གཉེར་བྱེད་མགོ་བརྩམས་པའི་སྡེ་ཁག་ལ་གྲལ་བཤེར་བྱས་ནས། གཙོ་གནད་དུ་སོལ་རླངས་དང་། ཚེ་ཐར་བགྲོད་ལམ། དམིགས་བསལ་སྒྲིག་ཆས་སོགས་གནད་འགག་ཐུག་སའི་མེ་འགོག་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ། ཁྲིམས་འགལ་བྱ་སྤྱོད་ལ་རྡོག་རྡེག་ནན་མོ་གཏོང་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་ལས་རིགས་སོ་སོའི་གནོད་འཚེ་དོགས་ཟོན་ཁ་གཏད་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གངས་ཆར་དང་འཁྱགས་དར་གནོད་འཚེའི་སྔོན་བརྡ་དང་ཁ་གཏད་འཇལ་བར་ཤུགས་སྣོན་དགོས་པ་དང་། ནགས་ཚལ་གྱི་མེ་སྐྱོན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱས་ནས། རྒུད་སྐྱོབ་དང་རོགས་སྐྱོར་དུས་ཐོག་ཏུ་སྤེལ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།