ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས2023དུས་ཆེན་དང་གུང་གསེང་སྐོར་ཞིག་བཀོད་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས2023དུས་ཆེན་དང་གུང་གསེང་སྐོར་ཞིག་བཀོད་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ། ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།     

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད2023ལོའི་ལུགས་གསར་ལོ་གསར་དང་། ལུགས་རྙིང་ལོ་སར། དྭངས་གསལ་དུས་ཆེན། ལྔ་གཅིག་ངལ་རྩོལ་དུས་ཆེན། ལུགས་རྙིང་ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་བཅས་ལ་ངལ་གསོའི་དུས་ཚོད་བཀོད་སྒྲིག་ཞིབ་ཕྲ་བྱས་པའི་བརྡ་ཐོ་གཤམ་གསལ།     

གཅིག ལུགས་གསར་ལོ་སར། 2022ལོའི་ཟླ12པའི་ཚེས31ཉིན་ནས2023ལོའི་ཟླ1པོའི་ཚེས2ཉིན་བར་ངལ་གསོ་རྒྱུ་དང་། བསྡོམས་པས་ཉིན3ཡོད།

གཉིས། ལུགས་རྙིང་ལོ་སར། ཟླ1པོའི་ཚེས21ཉིན་ནས་ཚེས27ཉིན་བར་ངལ་གསོ་རྒྱུ་དང་། བསྡོམས་པས་ཉིན7ཡོད། ཟླ1པོའི་ཚེས28ཉིན(གཟའ་སྤེན་པ)དང་། ཟླ1པོའི་ཚེས29ཉིན(གཟའ་ཉི་མ)ལས་ཚོགས་ལ་ཞུགས་དགོས།

གསུམ།  དྭངས་གསལ་དུས་ཆེན། ཟླ4པའི་ཚེས5ཉིན་ངལ་གསོ་རྒྱུ་དང་། བསྡོམས་པས་ཉིན1ཡོད།

བཞི། ལྔ་གཅིག་ངལ་རྩོལ་དུས་ཆེན། ཟླ4པའི་ཚེས29ཉིན་ནས་ཟླ5པའི་ཚེས3ཉིན་བར་ངལ་གསོ་རྒྱུ་དང་། བསྡོམས་པས་ཉིན5ཡོད། ཟླ4པའི་ཚེས23ཉིན(གཟའ་ཉི་མ)དང་ཟླ5པའི་ཚེས6ཉིན( གཟའ་སྤེན་པ )ལས་ཚོགས་ལ་ཞུགས་དགོས།   

ལྔ། ལུགས་རྙིང་ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ6པའི་ཚེས22ཉིན་ནས་ཚེས24ཉིན་བར་ངལ་གསོ་རྒྱུ་དང་། བསྡོམས་པས་ཉིན3ཡོད། ཟླ6པའི་ཚེས25ཉིན(གཟའ་ཉི་མ)ལས་ཚོགས་ལ་ཞུགས་དགོས།

དྲུག ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན། ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས6ཉིན་བར་ངལ་གསོ་རྒྱུ་དང་། བསྡོམས་པས་ཉིན8ཡོད། ཟླ10པའི་ཚེས7ཉིན(གཟའ་སྤེན་པ)དང་ཟླ10པའི་ཚེས8ཉིན(གཟའ་ཉི་མ)ལས་ཚོགས་ལ་ཞུགས་དགོས། 

དུས་ཆེན་གྱི་ངལ་གསོའི་དུས་ཚོད་རིང་། ས་ཁུལ་སོ་སོ་དང་ཚན་པ་སོ་སོས་ལས་རེས་དང་། བདེ་འཇགས། བདེ་སྲུང་། རིམས་ནད་འགོག་སྡོམ་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱས་ནས། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་འཕྲད་སྐབས་གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད། ཐག་གཅོད་འོས་འཚམ་བྱས་ནས། མི་དམངས་མང་ཚོགས་འཆམ་མཐུན་དང་བདེ་འཇགས་ངང་དུས་ཆེན་གྱི་གུང་གསེང་གཏོང་ཐུབ་པ་འགན་ལེན་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང།

2022ལོའི་ཟླ12པའི་ཚེས8ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།