ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ནས་བལྟས་ན། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། དཀའ་ཚེགས་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་རྙོག་འཛིང་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམ་པོར་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་པ་དང་།  སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་ལ། ཚན་རྩལ་གསར་གཏོད་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ལས་ཞུགས་དང་དངོས་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱས་པ། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། མི་དམངས་ཀྱི་འཚོ་བར་འགན་ལེན་ནུས་ལྡན་བཅས་བྱས་པར་བརྟེན། གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་པོ་ཡིན་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དངོས་སུ་གོམ་སྟབས་བརྟན་པོ་སྤོས་ཡོད་པར་འདོད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སང་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་རྩོམ་པའི་ལོ་ཡིན།  སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པ་ལ་ཅིས་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ།  བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། ཚོང་རའི་ཡིད་ཆེས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ། དངོས་གོང་བརྟན་པོ་བཅས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབ་པ་དང་། ཉེན་ཁ་ཚབས་ཆེན་འགོག་ཟོན་ནུས་ལྡན་དང་སེལ་ཐབས་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་ཇེ་ལེགས་སུ་འགྱུར་བར་སྐུལ་འདེད་གཏོང་བ། སྤུས་ཀ་ཇེ་ལེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་པ་བརྟན་པོ་སྤོ་དགོས།

གྲོས་ཚོགས་ནས་བསྟན་དོན། ཏང་གིས་དཔལ་འབྱོར་བྱ་བ་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། དེ་ཁོང་དུ་ཆུད་པར་བྱེད་པ་དང་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། བདེན་གཉེར་དངོས་འཛིན་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱས་ཏེ། ལས་བྱེད་པས་སྒྲུབ་ཕོད་པ་དང་ས་གནས་ཀྱིས་བྱེད་ཕོད་པ། ཁེ་ལས་ཀྱིས་བྱེད་ཕོད་པ། མང་ཚོགས་ཀྱིས་གསར་གཏོད་བྱེད་ཕོད་པ་བཅས་བྱེད་དགོས། དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་མཁོ་འདོན་ལ་འགན་ལེན་བྱེད་པ་དང་། རིན་གོང་བརྟན་འཇགས་སུ་གཏོང་དང་། རྡོ་སོལ་དང་གློག་འདོན། སྣུམ་རླངས་སྐྱེལ་འདྲེན་བཅས་ཀྱི་མཁོ་སྤྲོད་ལ་འགན་ལེན་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་གང་ལེགས་བྱེད་པ། ཞིང་པ་ཞོར་ལས་པའི་གླ་ཆ་དུས་ལྟར་སྤྲོད་རྒྱུར་འགན་ལེན་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་ལས་དོན་དམ་འཛིན་བཅས་བྱས་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁབ་ཐོབ་པར་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་སོང་ནའང་། མཚམས་འཇོག་པའི་དུས་ལ་ད་དུང་བབས་མེད་པས། དུས་ནམ་ཡང་ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་ངལ་ཐག་གཅོད་པའི་རིགས་ལམ་གསལ་བོ་དང་བློ་རྩ་བརྟན་པོ་སྲུང་འཛིན་བྱེད་པ་དང་། དུས་ནམ་ཡང་ལམ་དུ་ཡོད་པའི་གཏན་ཚུགས་དང་ངེས་ཤུགས་སྲུང་འཛིན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ངེས་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་རྒྱུན་འཁྱོངས་མཐའ་འཁྱོལ་བྱེད་དགོས། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་གཙོ་གནད་ལ་སྟངས་འཛིན་ནན་མོ་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ་དང་། “ཡོད་པ་བདུན”གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། སྐྱིད་འདོད་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་ཐོན་མ་ཐག་དུས་ལྟར་རྡུང་རྡེག་གཏོང་བ་དང་། བསམ་གཟས་ཏེ་སྒྲིག་འགལ་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ། ཡང་བསྐྱར་མི་འབྱུང་བར་སྔོན་འགོག་བྱེད་པ་དང་མངོན་མེད་གཞན་འགྱུར་ལ་སྔོན་འགོག་བྱེད་པ། ངལ་དུབ་སྔོན་འགོག་བཅས་མཐའ་གཅིག་ཏུ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་དུ་བཟུང་ནས་ཡོ་བསྲང་བྱེད་རྒྱུ་དང་། བྱ་བའི་ཁྲོད་དུ་ཆ་རྐྱེན་སྣོན་པ་་དང་ལྷོད་གཡེང་གི་བསམ་བློ་འཛིན་པ། རང་འདོད་ཀྱིས་དབང་ཆ་སྤྱོད་པ། འགན་མི་འཁུར་བ་དང་བྱས་རྗེས་མི་འཇོག་པ་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གནད་འཁེལ་བཅོས་སྐྱོང་བྱེད་དགོས།

གྲོས་ཚོགས་ཀྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན།

གྲོས་ཚོགས་ནས་སང་ལོའི་ཟླ་དང་པོའི་ཚེས9ཉིན་ནས་ཚེས11ཉིན་བར་དུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུ་རྒྱུར་མོས་མཐུན་བྱུང་།

ཚོགས་ཐོག་ནས་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།